ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > གསར་ཤོས།

ཉིན7ལ་གྲོས་རིམ་ཆེན་པོ་5། ཚོགས་ཆེན་བཅུ་དགུ་པའི་ཚོགས་འདུའི་ཞིབ་ཕྲའི་ལས་རིམ་ཡོངས་བསྒྲགས།

བཀྲ་རྒྱལ་གྱིས་བསྒྱུར།    发布时间: 2017-10-18 15:37:00    来源: ཀྲུང་གོའི་བོད་ལྗོངས་དྲ་བ།
          ཟླ10པའི་ཚེས17ཉིན་གྱི་ཕྱི་དྲོར། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དེ་མི་དམངས་ཚོགས་ཁང་ཆེན་མོའི་ཐོག་བརྩེགས་གསུམ་པའི་གསེར་མདོག་ཚོམས་ཆེན་དུ་འཚོགས་ཤིང་། ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་མགྲིན་ཚབ་པ་ཐོའོ་ཀྲེན་གྱིས་ཐེངས་འདིའི་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་སྐོར་ངོ་སྤྲོད་གནང་།
          གཅིག ཚོགས་ཆེན་བཅུ་དགུ་པ་ཚོགས་ཡུན།
          ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་ཟླ་10པའི་ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་9ཡི་སྟེང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པ་དང་། ཚོགས་ཡུན་ནི་ཟླ་10པའི་ཚེས་18ཉིན་ནས་ཟླ་10པའི་ཚེས24ཉིན་བར་རེད།
          གཉིས། ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ།
          ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལོན་པའི་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་ཚོགས་ཆེན་ཤིན་ཏུ་གལ་ཆེན་ཞིག་རེད།
          ཚོགས་ཆེན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕེང་གྱི་རིགས་པའི་གཞུང་ལུགས། “ མཚོན་བྱེད་གསུམ” གྱི་དགོངས་དོན་གལ་ཆེན།  ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་ལག་བསྟར་དོན་འཁྱོལ་གནང་བ། འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཕྱོགས་སྡོམ་ནན་ཏན་གནང་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་འཕེལ་རིམ་དང་རིན་ཐང་ལྡན་པའི་ཉམས་མྱོང་ལ་ཕྱོགས་སྡོམ་གནང་བ། དེང་སྐབས་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བའི་བླང་བྱ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་ཁྱོན་ཡོངས་ནས་དམ་འཛིན་གནང་ཐོག་དུས་རབས་ཀྱི་བླང་བྱ་དང་འཚམ་པའི་བྱ་སྤྱོད་ཀྱི་རྩ་གནད་དང་སྲིད་ཇུས་ཀྱི་བྱེད་ཕྱོགས་ཆེན་པོ་བཟོས་པ་དང་། འཐབ་ཇུས་ཀྱི་ཁྱོན་ཡོངས་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་འཆར་འགོད་དང་བཀོད་སྒྲིག་གནང་།
          གསུམ། ཚོགས་ཆེན་གྱི་གྲོས་རིམ་གཙོ་བོ།
          • སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་གསན་པ་དང་འབྲེལ་དེར་ཞིབ་བཤེར་གནང་རྒྱུ།
          • སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་ཞིབ་བཤེར་གནང་རྒྱུ།
          •《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་( དག་བཅོས་འཆར་ཟིན)》ལ་གྲོས་ཞིབ་དང་གྲོས་འཆམ་བྱ་རྒྱུ།
          • སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་འདེམས་བསྐོ་གནང་རྒྱུ།
          •སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་གནང་རྒྱུ།
          བཞི། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ།
          ཟླ10 ཚེས17 ཉིན་གྱི་ཕྱི་དྲོར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གྲ་སྒྲིག་གྲོས་ཚོགས་སྐོང་ཚོགས་གནང་ཞིང་།  གྲ་སྒྲིག་ཚོགས་འདུའི་ཐོག་ཏུ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མིའི་གྲོས་འཆར་མིང་ཐོར་གྲོས་འཆམ་བྱུང་པ་དང་། ཚོགས་ཆེན་ནི་ཀྲུའུ་ཞི་ཚོགས་པའི་འགོ་ཁྲིད་འོག་འཚོག་རྒྱུ་དང་། དྲུང་ཡིག་ཁང་བཙུགས་པ་རྒྱུད་ཚོགས་ཆེན་གྱི་ཚོགས་འདུའི་ཞབས་ཞུའི་ལས་རིམ་ལ་འགན་འཁུར་རྒྱུ་ཡིན་ཏེ། བློ་མཐུན་ལིའུ་ཡུན་ཧྲན་ ཚོགས་ཆེན་གྱི་དྲུང་ཡིག་ཆེ་མོར་གྲོས་འཆམ་བྱུང་།
          གྲ་སྒྲིག་གྲོས་ཚོགས་གྲོལ་རྗེས། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་དང་།  ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཚོགས་ཆེན་གྱི་ཞིབ་ཕྲའི་དུས་རིམ་ལ་གྲོས་འཆམ་བྱུང་བ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་འོས་སྦྱོར་འདེམས་ཐོན་བྱུང་།
          ལྔ། ཚོགས་ཆེན་གྱི་སྙན་ཞུ།
          ཏང་གི་ཚོགས་ཆེན་བཅུ་དགུ་པའི་ལས་དོན་སྙན་ཞུའི་མ་ཟིན་འགོད་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གྲ་སྒྲིག་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ལས་དོན་སྙན་ཞུའི་མ་ཟིན་འགོད་པར་གཙིགས་མཐོང་གལ་ཆེན་གནང་ཡོད་དེ། སྙན་ཞུ་འཆར་ཟིན་ཚོགས་ཆུང་བཙུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་ཆུང་གི་འགོ་འཛིན་བཞེས་ཤིང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱི་འགན་འཁུར་བློ་མཐུན།  ཆེད་མཁས་བཅས་ལས་དེར་ཞུགས་པ་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐད་ཀའི་འགོ་ཁྲིད་འོག་ལས་དོན་སྤེལ།
          ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཁོངས་མི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི། ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ཀྲུང་དབྱང་གི་ཏང་སྲིད་དམག་གསུམ་གྱི་སྡེ་ཚན་ཁག  མི་དམངས་ཚོགས་པ་ཁག་གི་ཏང་ཡོན་གྱི་འགན་འཁུར་པ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་དང་དམག་དཔུང་གི་སྡེ་ཚན་ཆེ་གྲས་ཁག་གི་ཏང་ཨུད་ཀྱི་འགན་འཁུར་པ་ཚང་མ་བགྲོ་གླེང་དུ་ཞུགས་ཤིང་། ཁྱོན་བསྡོམས་མི་གྲངས4700ལྷག་གི་བསམ་འཆར་བསྡུ་ལེན་བྱས།
          སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སྐུ་དངོས་ཀྱིས་གཙོ་སྐྱོང་གནང་སྟེ་བཞུགས་མོལ་ཚོགས་འདུ་ཐེངས6འཚོགས་པ་དང་།  ཐད་ཀར་ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་དང་གྲོས་འཆར་ལ་གསན་གནང་མཛད། འཆར་ཟིན་ཚོགས་ཆུང་གིས་གཞན་ཡང་བློ་མཐུན་རྒན་གྲས་ཁག་ཅིག་གི་དགོངས་འཆར་ལའང་གསན། ཀྲུང་གུང་ཀྲུང་དབྱང་གིས་ད་དུང་ཆེད་དུ་དམངས་གཙོའི་ཏང་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་བསམ་འཆར་ལ་གསན་གནང་མཛད་པ་དང་བསམ་འཆར་མང་པོ་ཞིག་དང་ལེན་བྱས།
          དྲུག ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་གནང་པའི་ལས་ཀ
          ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ད་དུང་ལས་འགན་གལ་ཆེན་གཞན་ཞིག་ཡོད་པ་ནི་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་རྒྱུ་དེ་རེད། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱིས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་འཕེལ་རྒྱས་ཀྱི་དགོས་མཁོ་ལ་གཞིགས་ནས་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་པ་ནི་ང་ཚོའི་ཏང་གི་གོམས་སྲོལ་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པ་འཚོགས་ཚུན་ནས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་རིམ་བྱུང་ཚང་མས་ཏང་གི་སྒྲིག་ཡིག་ལ་ཚད་མི་འདྲ་བའི་བཟོ་བཅོས་བྱས།  ལག་ལེན་དངོས་ལས་ར་སྤྲོད་བྱས་དོན། གནས་བབ་གསར་པ་དང་ལས་འགན་གསར་པར་གཞིགས་ནས་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་འོས་འཚམ་རྒྱག་རྒྱུ་ནི་ཏང་ཡོངས་ཀྱིས་སྔར་ལས་ལེགས་པའི་སྒོ་ནས་ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར་། ཏང་གི་སྒྲིག་ཡིག་སྲུང་སྐྱོང་བྱེད་པར་ཕན་པ་དང་། སྔར་ལས་ལེགས་པའི་སྒོ་ནས་ཏང་གི་སྒྲིག་ཡིག་གིས་ཏང་གི་ལས་ཀ་དང་ཏང་གི་འཛུགས་སྐྱོང་ལ་མཛུབ་ཁྲིད་དང་ཚད་ལྡན་ནུས་པ་འདོན་སྤེལ་བྱེད་པར་ཕན་པ་ལྡན།
          ད་ལོའི་ཟླ1པོར། ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གྲོས་གཞིར་བསམ་འཆར་བསྡུ་ལེན་བྱེད་པའི་བརྒྱུད་རིམ་ཁྲོད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཡོངས་ཁྱབ་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་འཕེལ་རྒྱས། གནས་བབ་དང་ལས་འགན་འཕེལ་རྒྱས་འགྱུར་ལྡོག་ལ་གཞིགས་ནས་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་འོས་འཚམ་རྒྱག་རྒྱུའི་བསམ་འཆར་བཏོན་པ་དང་། འདི་ལོའི་ཟླ་6པར་ཀྲུང་དབྱང་གིས་བརྡ་ཐོ་བཏང་སྟེ།  ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་པའི་ལས་དོན་ཐད་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་བསམ་འཆར་བསྡུ་ལེན་བྱས། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་ལ་ཡིག་ཐོག་སྙན་ཞུ་ཕུལ་ནས་ཡོངས་ཁྱབ་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པས་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་འོས་འཚམ་རྒྱག་པར་བསྟོད་བསྔགས་བྱས་པ་མ་ཟད་བཟོ་བཅོས་བསམ་འཆར་དང་གྲོས་འཆར་ཡང་བཏོན། དེ་མིན་གཞན་ཏང་ནང་གི་བློ་མཐུན་རྒན་གྲས་དང་ཏང་ཡོན་དཀྱུས་མ་ཁ་ཤས་ཀྱིས་ཏང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་ལ་འཕྲིན་ཡིག་བྲིས་ཏེ་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་བྱེད་པའི་གྲོས་འཆར་བཏོན།
          ཕྱོགས་སོ་སོའི་བསམ་འཆར་ཕྱོགས་བསྡུས་བྱས་པའི་རྨང་གཞིའི་ཐོག་ཏུ།  ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཀྱིས་ཞིབ་འཇུག་བྱས་ཏེ་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་འོས་འཚམ་རྒྱག་རྒྱུའི་ཐག་གཅོད་གནང་ཞིང་།  ཐེངས་འདིའི་ཏང་གི་སྒྲིག་ཡིག་བཟོ་བཅོས་བྱ་རྒྱུའི་ལས་དོན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་གཏན་ཁེལ་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་ཚུལ་གལ་ཆེན་དང་འཐབ་ཇུས་ཀྱི་བསམ་བློ་གལ་ཆེན་དག་ཏང་གི་སྒྲིག་ཡིག་ནང་དུ་བཀོད་དེ། ཏང་གི་སྒྲིག་ཡིག་ཏུ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་གང་ལེགས་སྒོས་མཚོན་པ་དང་།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་སྲིད་སྐྱོང་བའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་གང་ལེགས་སྒོས་མཚོན་པ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་ཉམས་མྱོང་གསར་པ། དུས་བབ་གསར་པ་དང་ལས་འགན་གསར་པར་མཐུན་པའི་སྒོ་ནས་ཏང་གི་བྱ་གཞག་དང་ཏང་གི་འཛུགས་སྐྲུན་ལ་བཏོན་པའི་བླང་བྱ་གསར་པ་གང་ལེགས་སྒོས་མཚོན་དགོས་པ་སོགས་ཀྱི་སྐོར་ནན་གྱིས་བསྟན་ཡོད།
          ཟླ་8ཚེས་པའི་ཚེས་5ཡི་ཉིན། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་དེ་ཏང་ནང་གི་ཁྱབ་ཁོངས་ངེས་ཅན་ནས་བསམ་འཆར་སྡུད་ལེན་གནང་བ་དང་། མ་ཟིན་འགོད་མཁན་ཚོགས་ཆུང་གིས་ས་གནས་ཁག་དང་སྡེ་ཚན་ཁག་གི་བསམ་འཆར་ལ་གཞིགས་ནས་བཟོ་བཅོས་ནན་ཏན་བྱས། ཏང་ཡོངས་ཀྱི་བློ་གྲོས་གཅིག་བསྡུས་བྱེད་པའི་རྨང་གཞིའི་ཐོག  ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་པ་བརྒྱུད། ཏང་གི་ཚོགས་ཆེན་བཅུ་དགུ་པར་གྲོས་ཞིབ་ཏུ་ཕུལ་བའི་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྲུབ།
          བདུན།  ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི།
          ཏང་ཀྲུང་དབྱང་གིས་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་ལ་ཤིན་ཏུ་མཐོང་ཆེན་གནང་ཡོད་དེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གང་མང་ལ་ལས་དོན་སྙན་ཞུ་གསན་གནང་མཛད་པ་དང་འབྲེལ་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུས་ཆེད་དོན་ཞིབ་འཇུག་གནང་།
          བསྡོམས་རྩིས་བྱས་པར་གཞིགས་ན།  གཞི་རིམ་ཏང་རྩ་འཛུགས་ཞུགས་ཚད་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་ཐུབ་ཡོད་པ་དང་། ཏང་ཡོན་ཞུགས་ཚད་99.2% ཟིན་ཞིང་། རྒྱལ་ཡོངས་ཀྱི་འདེམས་བསྐོའི་ལས་ཁུངས་40 ཡིས་བྱེ་བྲག་ཏུ་ཏང་གི་འཐུས་མིའི་ཚོགས་ཆེན་ནམ་ཏང་གི་འཐུས་མིའི་གྲོས་ཚོགས་སྐོང་འཚོགས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འདེམས་བསྐོ་བྱས་ཤིང་། ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་འཐུས་མི་2280ཡི་ཐོབ་ཐང་ལ་ངོས་ལེན་གནང་བ་དང་། ཁོ་ཚོས་གཞི་རིམ་ཏང་རྩ་འཛུགས་450 ལྷག་ཙམ་དང་ཏང་ཡོན་ཁྲི་8900 ལྷག་གི་ཚབ་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པ་རེད།
          སྔོན་གྱི་རྒྱུན་སྲོལ་ལྟར་ན། ཀྲུང་དབྱང་གིས་ད་དུང་འགོ་ཁྲིད་ཀྱི་ལས་གནས་ནས་འཐེན་ཡོད་པའི་ཏང་ཡོན་རྒན་པ་ཁག་ཅིག་ཆེད་དུ་གདན་ཞུས་འཐུས་མིར་གཏན་འཁེལ་བྱས་ཏེ་ཚོགས་ཆེན་ལ་ཞུགས།
          བརྒྱད། སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་འདེམས་བསྐོ་གནང་རྒྱུ།
ཏང་གི་སྒྲིག་ཡིག་ཏུ་གཏན་འབེབས་གནང་བ་ལྟར་ན། ཐེངས་འདིའི་འཐུས་མི་ཚོགས་ཆེན་གྱིས་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་དགོས། འདེམས་བསྐོའི་ལས་དོན་ལེགས་པར་སྒྲུབ་ཆེད་ཏང་ཀྲུང་དབྱང་གིས་ཆེད་མངག་ལས་དོན་ཚན་ཁག་བཙུགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་བཞེས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག  སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འོས་མི་འོས་སྦྱོར་དང་རྟོག་ཞིབ། མིང་བཏོན་པའི་ལས་དོན་ལ་འགན་ཁུར། ལས་དོན་དེའི་རྨང་གཞི་ཐོག་ཏུ།  ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་གྲོས་བསྡུར་བྱས་པ་བརྒྱུད། སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འོས་མི་དང་གྲ་སྒྲིག་འོས་མི་གྲོས་འགོའི་མིང་ཐོ་བཏོན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཞིབ་གནང་རྒྱུར་འབུལ་དགོས།
          ཏང་གི་ཚོགས་ཆེན་བཅུ་དགུ་པ་མཇུག་བསྒྲིལ་རྗེས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོག་རྒྱུ་ཡིན་ལ། ཚོགས་ཐོག་ཏུ་སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་ལས་ཁུངས་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ལས་ཁུངས་བདམས་ཐོན་བྱུང་རྒྱུ་རེད།
          ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ་རྗེས། སྐབས་གསར་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་གྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་རྒྱུ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716