ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > གསར་ཤོས།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པས་དར་ཆ་གང་ཞིག་བསྒྲེང་རྒྱུ་དང་ལམ་བུ་གང་ཞིག་གི་ཐོག་ཏུ་བསྐྱོད་རྒྱུ་ཡིན་ནམ།

སྐལ་བཟང་བདེ་སྐྱིད་ཀྱིས་བསྒྲིགས།    发布时间: 2017-10-20 14:54:00    来源: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཁ་ཕྱོགས་ཀྱིས་འགྲོ་ལམ་གཏན་འཁེལ་བྱེད་པ་དང་། འགྲོ་ལམ་གྱིས་ལས་དབང་གཏན་ཁེལ་བྱེད་པ་སྟེ། གསེར་མདོག་གི་སྟོན་ཟླ་བཅུ་པའི་པེ་ཅིང་དུ། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཏང་གཅིག་དང་། མི་རིགས་གཅིག རྒྱལ་ཁབ་གཅིག ཡང་ན་ང་ཚོ་མི་རེ་ངོ་རེའི་འཚོ་བ་དང་ལས་དབང་གཏན་ཁེལ་བྱེད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་སྙན་ཞུའི་ནང་གི་དུས་རབས་གསར་པ་ཞེས་པའི་རྒྱ་ཡིག་ཡིག་འབྲུ་གསུམ་པོས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། དེ་རིང་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་མུ་འབྲེལ་གསལ་འགྲེལ་རླབས་ཆེའི་འཕོ་འགྱུར་ཞེས་པའི་ལེའུ་དང་པོ་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པས་དར་ཆ་གང་ཞིག་སྒྲེང་རྒྱུ་དང་ལམ་བུ་གང་ཞིག་གི་ཐོག་བསྐྱོད་རྒྱུ་ཞེས་པ་ཞུ་རྒྱུ་ཡིན། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་ལྟ་ཞིབ་པ་ཝང་ཅན་དང་། སྐབས་དོན་གསར་འགོད་པ་མ་གྲོང་། ཚོགས་ཞུགས་གསར་འགོད་པ་ཀྲང་མན་མན་བཅས་ཀྱིས་ཚོགས་ཆེན་གྱི་ཚོགས་ར་དངོས་ནས་གསལ་འགྲེལ་གནང་ཡོད། 
          སྙན་ཞུའི་ནང་། དུས་ཡུན་རིང་པོའི་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པ་སླེབས་ཡོད་ཅིང་། འདི་ནི་རང་རྒྱལ་གོང་འཕེལ་གྱི་ལོ་རྒྱུས་གནས་བབ་གསར་པ་ཡིན་ཞེས་འཁོད་ཡོད།
          ཝང་ཅན་གྱིས། རྒྱལ་ཁབ་ཅིག་ལ་རང་ཉིད་ཀྱི་ཁ་ཕྱོགས་གནས་ཚད་གསལ་པོ་ཡོད་ན། གཞི་ནས་རིང་ལུགས་གང་ཞིག་གདམ་ག་བྱེད་ཐུབ་པ་དང་། རིང་ལུགས་གང་ཞིག་ལག་བསྟར་བྱེད་པའི་འགག་རྩ་ནི་རིང་ལུགས་དེས་རྒྱལ་ཁབ་དེར་འཕྲད་པའི་ལོ་རྒྱུས་རང་བཞིན་གྱི་བརྗོད་གཞི་ཐག་གཅོད་ཐུབ་མིན་ལ་རགས་ལུས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཞེས་པའི་རྒྱ་ཡིག་ཡིག་འབྲུ་བརྒྱད་པོ་དེ་ཀྲུང་ཧྭ་མི་རིགས་ཀྱིས་དུས་རབས་ཀྱི་རྗེས་སྙེགས་པའི་མཆོག་ནོར་ལ་གྱུར་ཡོད། དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་དུས་རབས་གསར་པ་ཞིག་ལ་སླེབས་ཡོད་པ་དང་། དེར་གོ་སྐབས་ཡོད་ལ་དེ་བས་ཀྱང་འགྲན་རྩོད་གསར་པ་ཡོད་པ་མཚོན་གྱི་ཡོད། གོང་འཕེལ་དོ་སྙོམས་མིན་པ་དང་གོང་འཕེལ་གང་ལེགས་ཐུབ་མེད་པའི་འགོག་རྐྱེན་གྱི་མདུན་དུ། དུས་རབས་གསར་པའི་ལེའུ་གསར་པ་ཞིག་འབྲི་བར་ཏང་ཡོན་བྱེ་བ་བརྒྱད་དང་ས་ཡ་དགུས་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས་ལ། དེ་བས་ཀྱང་མི་དམངས་དུང་ཕྱུར་བཅུ་གསུམ་གྱིས་དཀའ་སྤྱད་འབད་འཐབ་བྱེད་དགོས་ཞེས་གསུངས་ཡོད་པ་རེད། 
          སྙན་ཞུའི་ནང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པ་སླེབས་ཡོད། དེའི་ཐོག་ནས་ཉེ་རབས་ཚུན་དུ་བགེགས་བར་དུ་མ་འཕྲད་པའི་ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་དང་ཕྱུག་གྱུར། དེ་ནས་སྟོབས་ཆེར་གྱུར་བའི་རླབས་ཆེའི་མཆོངས་བརྒལ་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་འོད་ཟེར་སྟོང་ལྡན་གྱི་མདུན་ལྗོངས་ལ་བསུ་བ་ཞུས་པ་མཚོན་གྱི་ཡོད་ཅེས་འཁོད་ཡོད།
          ཝང་ཅན་གྱིས། སྤྱི་ལོ་༡༩༨༧ལོར། ཏང་གི་ཚོགས་ཆེན་བཅུ་གསུམ་པས་ཐེངས་དང་པོར་རང་རྒྱལ་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་གནས་ཡོད་ཅེས་ཁ་གསལ་བཏོན་པ་ནས་ད་བར་ལོ་ངོ་༣༠ཏག་ཏག་ཕྱིན་ཡོད། དེ་རྗེས། ཏང་གི་འཐུས་མི་ཚོགས་ཆེན་རིམ་བྱུང་གི་སྙན་ཞུའི་ནང་བརྡར་གཅོད་དེ་བསྐྱར་བཤད་བྱས་ཡོད་པ་མ་ཟད། གོང་འཕེལ་གྱི་དུས་མཚམས་གསར་པར་ཞིབ་གླེང་གསར་པ་བྱས་ཡོད། ལོ་ལྔའི་རིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་སླེབས་ཡོད་ཅིང་། གོང་འཕེལ་གྱི་གོ་རིམ་ཡང་རིམ་བཞིན་གསལ་དུ་ཕྱིན་ཡོད་ཅེས་གསུངས་ཡོད།
          མ་གྲོང་གིས། རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་བཏོན་གནང་རྗེས་ཀྱི་ཟླ་བ་བཞིའི་རྗེས་སུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་ཀྱི་འཚོགས་ཐེངས་དང་པོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠ཙམ་སོང་རིང་རྒྱུན་འཁྱོངས་བྱེད་པའི་འགྲོ་ལམ་དང་རིགས་གཞུང་དང་ལག་ལེན་དངོས་ཀྱི་བརྗོད་གཞི་ཡིན་ལ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན་ཞེས་ཁྱབ་བསྒྲགས་གནང་ཡོད། དེ་ནི་ཁོང་གིས་ཀྲུང་གོའི་འགྲོ་ལམ་ལ་ཁ་ཕྱོགས་གསལ་བཏོན་ཐེངས་དང་པོ་གནང་བ་ཡང་ཡིན་ཞེས་གསུངས་ཡོད་པ་རེད།
          ཞི་ཅིན་ཕིང་གི་སྙན་ཞུའི་ནང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་ཀྲུང་གོའི་འགྲོ་ལམ་ཐོག་བསྐྱོད་དགོས། འདི་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་ཡིན། ཀྲུང་ཧྭ་མི་རིགས་ནི་སྤྱིར་བཏང་མ་ཡིན་པའི་གསར་གཏོད་ནུས་པ་ལྡན་པའི་མི་རིགས་ཤིག་ཡིན་ཞིང་། ང་ཚོས་རླབས་ཆེའི་ཀྲུང་ཧྭའི་ཤེས་དཔལ་གསར་གཏོད་བྱས་ཡོད་པས། མུ་མཐུད་ཀྲུང་གོའི་རྒྱལ་ཚུལ་དང་འཚམ་པའི་གོང་འཕེལ་གྱི་འགྲོ་ལམ་རྒྱ་སྐྱེད་དང་དེའི་ཐོག་ཡག་པོ་བསྐྱོད་ཀྱང་ཐུབ་ཅེས་འཁོད་ཡོད་པ་རེད།
          མ་གྲོང་གིས། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་རླབས་ཆེའི་ཀྲུང་གོའི་ཕུགས་འདུན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་འགྲེལ་བཤད་ཆ་ཚང་ཞིག་སྐྱོན་ཡོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ན་ནིང་སྤྱི་ཟླ་༧པའི་ཚེས་༡ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་༩༥འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་སྐབས་ང་རང་ཚོགས་ར་དངོས་སུ་བཅར་འདྲི་ཞུ་རྒྱུ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་སླར་ཡང་མི་རྣམས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་ལ་ཡིད་ཆེས་བརྟན་དུ་ཕྱིན་ཡོད་ཅེས་གསུངས་ཡོད་པ་རེད།
          ཞི་ཅིན་ཕིང་གི་སྙན་ཞུའི་ནང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡིན་མིན་དེ་ནི་དོན་དངོས་ལ་བལྟ་དགོས་པ་དང་། ཀྲུང་གོའི་མི་དམངས་ཀྱིས་དབྱེ་འབྱེད་བྱས་པར་བལྟ་དགོས། ཀྲུང་གོའི་གུང་ཁྲན་ཏང་མི་དང་ཀྲུང་གོའི་མི་དམངས་ལ་མིའི་རིགས་ཀྱི་དེ་བས་ལེགས་པའི་སྤྱི་ཚོགས་ལམ་ལུགས་ཀྱི་ཆེད་དུ་ཀྲུང་གོའི་ཇུས་གཞི་མཁོ་འདོན་དང་འཚོལ་ཞིབ་བྱེད་རྒྱུར་སེམས་ཤུགས་ཀྱིས་ཡོངས་སུ་ཁེངས་ཡོད་ཅེས་འཁོད་ཡོད་པ་རེད།
          མ་གྲོང་གིས། འོད་སྟོང་འབར་བའི་གཟི་བརྗིད་ཀྱི་ལག་ལེན་དངོས་ལས་ཀྲུང་གོའི་ཇུས་གཞི་དེ་ཀྲུང་ཧྭ་མི་རིགས་ཡར་ལངས་དང་ཕྱུག་གྱུར། དེ་ནས་སྟོབས་ཆེར་འགྱུར་བའི་ཕྱོགས་སུ་བསྐྱོད་བཞིན་པ་ར་སྤྲོད་ཐུབ་ཡོད། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་ཚེ་སྔར་བཞིན་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་དོན་དངོས་ལས་ར་སྤྲོད་ཐུབ་པ་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་དེ་ནི་ཡང་དག་པའི་གདམ་ག་ཉག་ཅིག་དེ་རང་ཡིན། རྨང་གཞི་འདི་འདྲ་ཞིག་གི་དབང་གིས་སྤྱི་ལོ་༢༠༡༦ལོའི་ཟླ་བ་༧པའི་ཚེས་༡༩ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཤ་ཡིང་ཁྲོན་དུ་རྟོག་ཞིབ་གནང་སྐབས་མི་རིགས་ཡོངས་ཀྱི་སྤུན་ཟླ་རྣམས་ལ་དངོས་སྒྲུབ་བྱེད་དགོས་པའི་འབོད་སྐུལ་གནང་མྱོང་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གི་སྙན་ཞུའི་ནང་། སྤྱི་ཚོགས་རིང་ལུགས་ནི་འབད་ཐབས་བྱས་པ་ལས་གྲུབ་པ་ཞིག་ཡིན། ཀྲུང་གོའི་འབྱུང་འགྱུར་ལ་ཕྱོགས་ཚེ་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཡིན། ལོ་བརྒྱ་བྱས་པ་གཉིས་ཀྱི་རྒྱལ་ཁ་ཐོབ་ལ་ཉེ་ཡོད། ང་ཚོས་ ནུས་ཤུགས་འདི་རིགས་གསོག་འཇོག་ཡུན་རིང་བྱས་ཡོད་པས་ད་ཆ་འདོན་སྤེལ་བྱེད་དགོས་པ་དང་། དེ་ནི་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དེ་ཡིན་ཞེས་འཁོད་ཡོད་པ་རེད།
          མ་གྲོང་གིས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་སླར་ཡང་ལམ་ལ་ཞུགས་དགོས། དུས་རབས་གསར་པར་སླེབས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་ཐོག་མཐའ་བར་གསུམ་དུ་གོང་འཕེལ་འཐུས་ཚང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་པ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་གིས་དེང་གི་ང་ཚོའི་སྤྱི་ཚོགས་དེ་ལོ་རྒྱུས་ཐོག་གི་དུས་རབས་གང་འདྲ་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་དམིགས་འབེན་མངོན་འགྱུར་ཐུབ་རྒྱུར་སྔར་བས་ཐག་ཉེ་རུ་ཕྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུས་ཚོགས་ཆེན་གྱི་འཐུས་མི་ཡོངས་ཀྱི་སྤྲོ་སེམས་དང་སེམས་ཤུགས་རབ་ཏུ་འཕེལ་བར་བྱས་ཡོད་ཅེས་གསུངས་པ་རེད།
          ཀྲང་མན་མན་གྱིས། ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཀྲའོ་ཁེ་ཀྲེ་དང་མེང་ཀོང་པིན། ཝང་ཅིན་ཙུའུ་བཅས་ཀྱིས་ལོ་ལྔའི་ནང་རང་རྒྱལ་རྒྱུན་ཆད་མེད་པར་སྟོབས་ཆེའི་རྒྱལ་ཁབ་ཕྱོགས་སུ་གོམས་སྟབས་སྤོ་བཞིན་པ་དང་། ཆེས་འགག་རྩ་ནི་འགྲོ་སའི་ལམ་བུ་དེ་འགྲིག་པ་ཞིག་ཡིན་ཞེས་བསྟན་ཡོད་པ་སྟེ། 
ཀྲའོ་ཁེ་ཀྲེས། ལམ་བུ་དེ་ནི་ཏང་གི་ཚེ་སྲོག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་གོའི་གུང་ཁྲན་ཏང་མི་དང་ཀྲུང་གོའི་མི་དམངས་ཀྱི་མཐུན་སྒྲིལ་གྱི་དར་ཆ་ཡིན་ལ་དེང་རབས་ཀྲུང་གོའི་གོང་འཕེལ་ཡར་ཐོན་གྱི་རྩ་བའི་ཁ་ཕྱོགས་ཀྱང་ཡིན་ཞེས་དང་།
          མེང་ཀོང་པིན་གྱིས། འདས་ཟིན་པའི་ལོ་ལྔའི་ནང་མང་ཚོགས་དབུལ་སྒྲོལ་ཐུབ་པ་དང་ཕྱུག་པོར་གྱུར་བ། བདེ་སྐྱིད་ཀྱི་སྣང་བ་ཇེ་ཆེ་འགྲོ་བཞིན་པ་དང་། རྒྱལ་ཁབ་ཀྱི་དངོས་སྟོབས་ཇེ་ཆེར་འགྲོ་བཞིན་པ་བཅས་ཀྱི་ཐོག་ནས་རང་རེའི་ཏང་གིས་གདམ་ག་བྱས་པའི་ལམ་བུ་དེ་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པ་དང་། ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་ཡང་མཐུན་ཡོད་ཅེས་དང་།
          ཝང་ཅིན་ཙུའུ་ཡིས། ཡོ་རོབ་དབུས་ཤར་རྒྱལ་ཁབ་བམ་ཡོ་རོབ་ནུབ་མའི་རྒྱལ་ཁབ། ཡང་ན་དེ་མིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གང་ཞིག་ཡིན་རུང་། ཁོ་ཚོས་ང་ཚོས་དུས་ཡུན་ལོ་༣༠ཙམ་སྤྱད་དེ་ལོ་ངོ་༣༠༠ལྷག་གི་གནད་དོན་ཐག་གཅོད་བྱས་པར་ཡིད་སྨོན་བྱེད་བཞིན་ཡོད། གང་ཡིན་ཟེར་ན་ཀྲུང་གོའི་ཇུས་གཞིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་དམིགས་འབེན་དང་རྩ་བའི་རྩ་དོན་དེ་མཚོན་པར་བྱས་པའི་དབང་གིས་ཡིན་ཞེས་བསྟན་ཡོད་ཅེས་གསུངས་པ་དང་།
          ཀྲང་མན་མན་གྱིས། ཡིད་ཆེས་དེ་ནི་མེས་རྒྱལ་ས་གཞི་ཆེན་མོའི་ཐོག་ཏུ་གཅིག་བསྡུས་བྱས་ཡོད་པ་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས་ཀྱིས་ལོ་འདིའི་ནང་ཀྲུང་གོའི་དཔལ་འབྱར་གྱི་རེ་སྒུག་རིན་ཐང་ཐེངས་བཞི་སྤར་མྱོང་བ་དེའི་ཐོག་ནས་ཀྲུང་གོའི་གོང་འཕེལ་གྱི་འདུ་ཤེས་གསར་པར་ཁས་ལེན་གང་ལེགས་ཐོབ་པ་མཚོན་གྱི་ཡོད། ལོ་གསུམ་གྱི་རྗེས་སུ་འཛམ་གླིང་གིས་ཀྱང་ཀྲུང་གོའི་མི་དམངས་ཀྱིས་དེ་བས་བདེ་སྐྱིད་ཁམས་བཟང་གི་འཚོ་བར་རོལ་ཐུབ་པ་མཐོང་ཐུབ་ངེས་ཡིན་ཞེས་གསུངས་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716