ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > གསར་ཤོས།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་མཇུག་འགྲིལ་བ།

ཟླ་བ་གཡུ་སྒྲོན་གྱིས་བསྒྱུར།    发布时间: 2017-10-24 20:30:00    来源: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
          ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད། ༼ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་༽སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་རྗེས། སྤྱི་ཚེས་༢༤ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད།
          ཚོགས་ཆེན་ཐོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས་པ། བློ་རྩ་བརྟན་པོས་ཡར་བརྩོན་དང་། བློ་རྩེ་གཅིག་སྒྲིམ་གྱིས་ལས་ཀ་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལེགས་འགྲུབ། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་གོང་འཕེལ་ལ་སྐུལ་འདེད་བཅས་ཀྱི་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་གསུམ་ལེགས་གྲུབ་ཡོང་ཆེད་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་རྒྱུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་བརྩོན་ལེན་བྱེད་པའི་རེ་འདུན་མངོན་འགྱུར་ཡོང་རྒྱུ་བཅས་ཀྱི་ཆེད་དུ་མུ་མཐུད་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།
          བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
          ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུལ་ཀྲེང་ཧྲེང་། ལེའུ་ཡུན་ཧྲན། ཝང་ཆེ་ཧྲན། ཀྲང་ཀའོ་ལི། མ་ཁའེ། ཝང་ཧུའུ་ཉིང་། ལེའུ་ཡན་ཏུང་། ལེའུ་ཆེ་པའོ། ཞུལ་ཆེ་ལེའང་། སུན་ཁྲུན་ལན། ལི་ཅན་ཀུའོ། ལི་ཡོན་ཁྲའོ། ཝང་ཡང་། ཀྲང་ཁྲུན་ཞན། ཧྥན་ཁྲང་ལུང་། མོང་ཅན་ཀྲུ། ཀྲའོ་ལེ་ཅི། ཧུའུ་ཁྲུན་ཧྭ། ལི་ཀྲན་ཧྲུའུ། ཀུའོ་ཅིང་ལུང་། ཧན་ཀྲེང་། ཅང་ཙེ་རྨིན། ཧུའུ་ཅིང་ཐའོ། ལི་ཕོང་། ཀྲུའུ་རུང་ཅི། ལི་རུའེ་ཧོན། ཝུའུ་པང་ཀུའོ། ཝེན་ཅ་པོ། ཅ་ཆིང་ལིང་། སུང་ཕིང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ཧེ་ཀུའོ་ཆང་། ཏུའུ་ཆིང་ལིན། ཀྲའོ་ཧུང་ཀྲུ། ཡང་ཅིང་སོགས་ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་བཞུགས་གྲལ་གྱི་མདུན་བཞུགས་ཡོད།
          སྔ་དྲོའི་ཆུ་ཚོད་དགུ་པར་མཇུག་འགྲིལ་ཚོགས་ཆེན་འགོ་ཚུགས་ཡོད།
          ཚོགས་ཆེན་ལ་ཕེབས་དགོས་ངེས་ཀྱི་འཐུས་མི་དང་དམིགས་བསལ་གདན་ཞུའི་འཐུས་མི་༢༣༥༤ཡིན་པ་དང་། དངོས་སུ་ཕེབས་པ་༢༣༣༦ཡོད་པ་རེད། དངོས་སུ་ཕེབས་པའི་འཐུས་མིས་ཕེབས་དགོས་ངེས་ཀྱི་འཐུས་མིའི་གྲངས་འབོར་གྱི་ཕྱེད་ཀ་ལས་བརྒལ་བས། ཚོགས་ཆེན་འདེམས་བསྐོའི་བྱ་ཐབས་ཀྱི་གཏན་འབེབས་དང་མཐུན་ཡོད་པ་རེད།
          ཚོགས་ཆེན་ཐོག་དང་ཐོག་འདེམས་ཤོག་གི་སྤྱི་ཁྱབ་ལྟ་ཞིབ་པ་༢དང་འདེམས་ཤོག་ལྟ་ཞིབ་པ་༣༦གི་མིང་ཐོར་གྲོས་འཆམ་བྱུང་ཡོད།
          སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་པ་དང་འདེམས་ཤོག་ལྟ་སྐུལ་པའི་ལྟ་སྐུལ་འོག་ཚོགས་འདུར་ཕེབས་པའི་འཐུས་མི་དང་དམིགས་བསལ་གདན་ཞུས་འཐུས་མིས་མིང་མ་བཀོད་པར་འདེམས་ཤོག་འཕེན་པའི་རྣམ་པ་བརྒྱུད། ཨུ་ཡོན་༢༠༤དང་། རྗེས་སྣོན་ཨུ་ཡོན་༡༧༢ལས་གྲུབ་པའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་པ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་༡༣༣བདམས་ཡོད།
          ཆུ་ཚོད་བཅུ་གཅིག་དང་སྐར་མ་བཅུ་གཉིས་ཐོག ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་གནང་བ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་བསྒྲགས་ཡོད་པ་རེད།
          དེ་རྗེས་ཚོགས་ཆེན་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཡོད། ཚོགས་ཆེན་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་སྙན་ཞུར་ཆོག་མཆན་གནང་ཡོད།
          གྲོས་ཚོགས་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཚོགས་ཆེན་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཡོད།
          ཚོགས་ཆེན་ཐོག་ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། བཟོ་བཅོས་འཆར་ཟིན་དེ་གྲོས་འཆམ་བྱུང་བའི་ཉིན་དེ་ནས་བཟུང་ནུས་པ་ཐོན་རྒྱུའི་གཏན་འབེབས་གནང་ཡོད།
          ཚོགས་ཆེན་ཐོག་གྲོས་རིམ་ཁག་ལེགས་གྲུབ་བྱུང་རྗེས་ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་གསུང་བཤད་གལ་ཆེན་གནང་བ་རེད།
          ཞི་ཅིན་ཕིང་གིས། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གྲོས་རིམ་ཁག་དེ་རིང་བར་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་ཡོད། འཐུས་མི་ཡོངས་ཀྱི་ཐུན་མོང་འབད་བརྩོན་གནང་བའི་འོག ཐེངས་འདིའི་ཚོགས་ཆེན་འདི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་ཁྲི་ཡིད་ལ་བརྟན་པོར་ངེས་པ། དར་ཆ་མཐོན་པོར་སྒྲེང་བ། མཐུན་སྒྲིལ་འབད་འཐབ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འཚོགས་ཐུབ་པ་བྱུང་ཡོད་ཅེས་གསུངས་པ་དང་།
          ཞི་ཅིན་ཕིང་གིས། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་ཀྱིས་མཛུབ་ཁྲིད་བྱས་ཏེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་དང་། ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གཞི་གསར་པར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་མདུན་སྐྱོད་ཁ་ཕྱོགས་སྔར་བས་གསལ་སྟོན་བྱས་ཡོད་ཅེས་གསུངས་གནང་བ་དང་།
          ཞི་ཅིན་ཕིང་གིས། སྙན་ཞུ་དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་དང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་ཆབ་སྲིད་བསྒྲགས་གཏམ་དང་། བྱ་སྤྱོད་རྩ་འཛིན་ཞིག་ཡིན་ཞེས་གསུངས་ཡོད་པ་རེད།
          ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་ནང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཕྱོགས་བསྡོམས་གནང་བ་དང་། ཏང་ཀྲུང་དབྱང་གིས་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལྷག་བསམ་ཟོལ་མེད་ངང་ཏང་གི་སྒྲིག་ཡིག་གིས་སྤྲད་པའི་འགན་འཁྲི་ལག་བསྟར་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྣོན་པའི་རང་བཞིན་གྱི་རྣམ་པ་གྲུབ་རྒྱུ་དང་སྲ་བརྟན་དུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་དང་།
          ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཏང་གི་རིག་པའི་གཞུང་ལུགས་གསར་བསྐྲུན་དང་ལག་ལེན་གསར་བསྐྲུན། ལམ་ལུགས་གསར་བསྐྲུན་བཅས་ལ་ཐོབ་པའི་གྲུབ་འབྲས་མངོན་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་གཏན་འཁེལ་གནང་བའི་གལ་ཆེའི་རིག་གཞུང་ལྟ་བ་དང་གལ་ཆེའི་འཐབ་ཇུས་བསམ་བློ་མངོན་པ། ལོ་ངོ་འདི་དག་རིང་། ཏང་འཛུགས་སྐྱོང་གི་ལེགས་འགྲུབ་ལྡན་པའི་ཉམས་མྱོང་མངོན་པ། ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་དང་། སྒོ་ཀུན་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་ཐད་བླང་བྱ་གསལ་སྟོན་གནང་ཡོད་ཅེས་དང་།
          ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། འགོ་ཁྲིད་གསར་རྙིང་སྐབས་བརྗེ་ཐུབ་ཡོད། ཚོགས་ཆེན་ཐོག་ད་དུང་སྐབས་གསར་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ཡོད་ཅེས་དང་།
          ཞི་ཅིན་ཕིང་གིས། ཐེངས་འདིའི་ཚོགས་ཆེན་ཐོག་བཏོན་གནང་བའི་བཀོད་སྒྲིག་ཁག་དང་དེར་ཐོབ་པའི་གྲུབ་འབྲས་ཁག་གིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཟིན་པར་བྱ་རྒྱུ་དང་སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་བསྐྲུན་བྱ་རྒྱུའི་འགོ་གསར་པ་རྩོམ་རྒྱུ་དང་། སྒོ་ཀུན་ནས་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ། ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རླབས་ཆེའི་ལས་གཞི་གསར་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུ་བཅས་ལ་གལ་འགངས་ཧ་ཅང་ཆེ་བའི་མཛུབ་སྟོན་དང་འགན་ལེན་ནུས་པ་ཐོན་ངེས་ཡིན་ཞེས་དང་།
          ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འོས་འགན་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་ཡིན། ཐོག་མའི་བསམ་འདུན་དང་འོད་འགན་འདི་ནི་ཀྲུང་གོའི་གུང་ཁྲན་ཏང་མི་རྒྱུན་མཐུད་མདུན་བསྐྱོད་ལ་སྐུལ་མ་གཏོང་བའི་རྩ་བའི་འགུལ་ཤུགས་ཤིག་ཡིན་ཞེས་དང་།
          ཞི་ཅིན་ཕིང་གིས་ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་དུས་ནམ་ཡང་མི་དམངས་དང་དབུགས་མཉམ་གཏོང་དང་ལས་དབང་གཅིག་སྒྲིལ། སེམས་པ་གཅིག་སྒྲིལ་བཅས་བྱེད་པ་དང་། དུས་ནམ་ཡང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་འདོད་བྱེད་པ་དེ་འབད་འཐབ་ཀྱི་དམིགས་འབེན་ལ་བརྩི་བ། འབད་པ་ཧུར་ལེན་གྱི་སྙིང་སྟོབས་དང་ནམ་ཡང་མདུན་བསྐྱོད་བྱེད་པའི་འབད་འཐབ་ཀྱི་རྣམ་པའི་ཐོག་ནས་མུ་མཐུད་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་བརྗིད་ཆེའི་དམིགས་འབེན་མངོན་འགྱུར་ཡོང་ཆེད་བློ་སྟོབས་ཆེན་པོས་མདུན་བསྐྱོད་བྱེད་དགོས། ཏང་ཡོངས་ནས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་བ། བསམ་བློར་བཅིངས་འགྲོལ། བསྒྱུར་བཅོས་གསར་བསྐྲུན། སྙིང་རུས་ཡར་བརྩོན། དཀའ་སྤྱད་འབད་འཐབ་བཅས་བྱས་ཏེ་རྒྱལ་ཡོངས་མི་རིགས་ཁགི་མི་དམངས་ཀྱི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་འཁེལ་བའི་དམིགས་འབེན་ལས་འགན་བསྒྲུབ་ཆེད་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
          ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་དབྱངས་ཀྱི་འགྱུར་ཁུག་ཁྲོད་བདེ་བླག་ངང་མཇུག་སྒྲིལ་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716