ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > ཁྱད་དོན།

ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་འཚོགས་འགོ་ཚུགས་པ།

   发布时间: 2017-10-19 13:41:00    来源: ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།
          ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། འཛམ་གླིང་ཀུན་ནས་དོ་སྣང་བྱེད་པའི་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་སྤྱི་ཚེས་18ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་ཚུགས་ཡོད་པ་རེད།
          ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་འགོ་བརྗོད་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ནས། དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས་ཞེས་འཁོད་པའི་སྙན་ཞུ་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཕུག་ཐག་ཆོད་པའི་རྒྱལ་ཁ་ལེན་པའི་དུས་མཚམས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་སྐབས་གསར་པར་སླེབས་པའི་འགག་རྩའི་དུས་སྐབས་སུ་སྐོང་འཚོགས་བྱེད་པའི་ཧ་ཅང་གལ་ཆེ་བའི་ཚོགས་ཆེན་ཞིག་ཡིན། ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི། ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་ཏེ། དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པ་དེ་ཡིན་ཞེས་བསྟན་གནང་ཡོད། 
          མི་དམངས་ཚོགས་ཁང་ཆེན་མོ་དེ་བརྗིད་ཉམས་ཆེ་བ་དང་། མི་ཁྲིའི་ཚོགས་ཁང་དུ་སྤྲོ་སེམས་རབ་ཏུ་འཁོལ་བའི་རྣམ་པས་ཁེངས་ཡོད།
          ཀྲུའུ་ཞི་སྟེགས་བུའི་མདུན་དུ་བཞུགས་མཁན་ནང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལེའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི། མར་ཁའེ། ཝང་ཧུའུ་ཉིང་། ལེའུ་ཡན་ཏུང་། ལེའུ་ཆི་པའོ། ཞུས་ཆི་ལེའང་། སུན་ཁྲུན་ལན། ལི་ཅན་ཀུའོ། ལི་ཡོན་ཁྲའོ། ཝང་དབྱང་། ཀྲང་ཁྲུན་ཞན། ཧྥན་ཁྲང་ལུང་། རྨེང་ཅན་ཀྲུའུ། ཀྲའོ་ལི་ཅི། ཧུའུ་ཁྲུན་ཧྭ། ལི་ཀྲན་ཧྲུའུ། ཀུའོ་ཅིན་ལུང་། ཧན་ཀྲེང་། ཅང་རྩེ་རྨེང་། ཧུའུ་ཅིན་ཐའོ། ལི་ཕེང་། ཀྲུའུ་རུང་ཅི། ལི་རུའེ་ཧོན། ཝུའུ་པང་ཀུའོ། ཝན་ཅ་པའོ། ཅ་ཆིན་ལིན། སུང་ཕེང་། ལི་ལན་ཆིན། ཙེང་ཆིན་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲན་ཁྲུན། ཧེ་ཀུའོ་ཆང་། ཏུའུ་ཆིན་ལིན། ཀྲའོ་ཧུང་ཀྲུའུ། དབྱང་ཅིན་བཅས་ཡོད་པ་རེད།
          ཚོགས་ཆེན་དེ་ལི་ཁེ་ཆང་ནས་གཙོ་སྐྱོང་གནང་ཡོད་པ་རེད། སྔ་དྲོའི་ཆུ་ཚོད་༩པའི་ཐོག གྲོས་ཚོགས་འགོ་ཚུགས་ཡོད། ཚོགས་ར་ཡོངས་སུ་ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་ཡོད་པ་རེད། དེ་རྗེས། བློ་མཐུན་ཡོངས་ནས་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལེ། ལེའུ་ཧྲོའུ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕེང་། ཁྲེན་ཡུན་སོགས་སྐུ་འདས་ཟིན་པའི་དབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་རྒན་གྲས་དང་གསར་བརྗེའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་ཡོད་པ་རེད།
          ལི་ཁེ་ཆང་གིས། ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་དགོས་པའི་འཐུས་མི་2280དང་དམིགས་བསལ་གདན་ཞུས་འཐུས་མི་74བཅས་ཁྱོན་འཐུས་མི་2654ཡོད་དགོས། དེ་རིང་དངོས་སུ་འཐུས་མི་2338ཕེབས་ཡོད་ཅེས་ཁྱབ་བསྒྲགས་གནང་བ་དང་། ཁོང་གིས་ཚོགས་ཆེན་ལ་ཟུར་ཞུགས་གནང་མཁན་ཏང་ཕྱིའི་གྲོགས་པོ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ལ་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས་ཡོད།
          ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་གནང་བའི་སྙན་ཞུ་དེ་ཁག་13ལ་དབྱེ་ཡོད་པ་སྟེ། དང་པོ་འདས་ཟིན་པའི་ལོ་ལྔའི་ལས་དོན་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར། གཉིས་པ་དུས་རབས་གསར་པའི་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི། གསུམ་པ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་བྱ་ཐབས། བཞི་པ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་པ་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་ཚུགས་པ། ལྔ་པ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་བྱེད་པ། དྲུག་པ་མི་དམངས་ཀྱི་རང་ཁྱིམ་རང་བདག་ལམ་ལུགས་ཀྱི་སྒྲིག་གཞི་འཐུས་ཚང་བཟོས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་བ། བདུན་པ་རིག་གནས་ཀྱི་གདེང་ཚོད་སྲ་བརྟན་གྱིས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། བརྒྱད་པ་དམངས་འཚོའི་ཆུ་ཚད་ལེགས་བཅོས་དང་འགན་སྲུང་བྱ་རྒྱུ་གོང་མཐོར་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་པ། དགུ་པ་སྐྱེ་ཁམས་ཤེས་དཔལ་སྒྲིག་གཞིའི་བསྒྱུར་བཅོས་མགྱོགས་སུ་བཏང་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ། བཅུ་པ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བགྲོད་ལམ་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། བཅུ་གཅིག རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། བཅུ་གཉིས་ཞི་བའི་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་ཀྱིས། མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ། བཅུ་སུམ་བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་ནན་པོ་བཅོས་སྐྱོང་བྱས་ཏེ། ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་ཡིན་པ་རེད།
          ཞི་ཅིན་ཕིང་གིས་སྙན་ཞུའི་ནང་། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔའི་རིང་། ང་ཚོས་བརྟན་པོའི་ཁྲོད་ཡར་རྒྱས་ཀྱི་ལས་ཀའི་སྤྱིའི་དམིགས་འབེན་རྒྱུན་འཁྱོངས་དང་། དཀའ་ངལ་ལ་མ་འཛེམ་པར་མདུན་སྐྱོད། གསར་གཏོད་ཡར་བརྩོན་བཅས་བྱས་པར་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཁྱོན་ཡོངས་ནས་རྣམ་པ་གསར་པ་གཏོད་པ། དཔལ་འབྱོར་འཛུགས་སྐྲུན་ཐད་གལ་ཆེའི་གྲུབ་འབྲས་ཐོབ་པ། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པར་འགག་གཏོར་གལ་ཆེན་བྱུང་བ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་གོམ་སྟབས་གལ་ཆེན་སྤོས་པ། བསམ་བློ་རིག་གནས་འཛུགས་སྐྱོང་ལ་འཕེལ་རིམ་གལ་ཆེན་ཐོན་པ། མི་དམངས་ཀྱི་འཚོ་བ་ཟམ་མི་ཆད་པར་ལེགས་བཅོས་བྱུང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་པ། དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བར་རྣམ་པ་གསར་པ་གཏོད་པ། ཤང་གང་དང་ཨའོ་མོན། ཐེ་ཝན་བཅས་ཀྱི་ལས་དོན་ལ་འཕེལ་རིམ་གསར་པ་ཐོན་པ། ཕྱོགས་ཡོངས་ཀྱི་ཕྱི་འབྲེལ་བཀོད་པ་གཏིང་ཟབ་སྤེལ་བ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བར་གྲུབ་འབྲས་བཟང་པོ་ཐོབ་པ་དང་དུས་མཚུངས་སུ། ངེས་པར་དུ་རིག་པ་དྭངས་གསལ་ངང་མཐོང་ཐུབ་དགོས་པར། ང་ཚོའི་ལས་དོན་ལ་ད་དུང་མི་འདང་བའི་ཆ་མང་པོ་གནས་ཡོད་ལ། དཀའ་ངལ་དང་འགྲན་རྩོད་ཀྱང་མི་ཉུང་བ་འཕྲད་ཡོད་ཅེས་བསྟན་ཡོད་པ་དང་།
          ཞི་ཅིན་ཕིང་གིས། ལོ་ལྔའི་ནང་གི་གྲུབ་འབྲས་ནི་ཁྱོན་ཡོངས་དང་གསར་གཏོད་རང་བཞིན་ལྡན་པ་ཞིག་ཡིན། ལོ་ལྔའི་ནང་གི་འཕོ་འགྱུར་ནི་གཏིང་ཟབ་པ་དང་རྩ་བའི་རང་བཞིན་ལྡན་པ་ཞིག་ཡིན། ལོ་ལྔའི་ནང་ཚུན། རང་རེའི་ཏང་གིས་ཤུགས་ཆེའི་ཆབ་སྲིད་བློ་སྟོབས་དང་ཤུགས་ཆེའི་འགན་འཁྲིའི་ཐོག་ནས། འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་། གལ་ཆེའི་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད་ལ། གལ་ཆེའི་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད་པ་དང་། གལ་ཆེའི་ལས་དོན་རབ་དང་རིམ་པར་སྐུལ་འདེད་བཏང་ཡོད། ཡུན་རིང་ནང་ཐག་གཅོད་བྱེད་དགོས་བསམ་ཀྱང་བྱེད་མི་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་ཡོད་པ་དང་། འདས་ཟིན་པའི་དུས་ཚོད་ནང་བྱེད་དགོས་བསམ་ཀྱང་བྱེད་ཐུབ་མེད་པའི་བྱ་བ་ཆེན་པོ་མང་པོ་གྲུབ་ཡོད་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དེ་དག་གིས། ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་གོང་འཕེལ་ཐད་གལ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ལྡན་ཡོད་ཅེས་གསུངས་པ་དང་།
          ཞི་ཅིན་ཕིང་གིས། ཡུན་རིང་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་པ་དང་། དེ་ནི་རང་རྒྱལ་གོང་འཕེལ་གྱི་ལོ་རྒྱུས་གནས་བབས་གསར་པ་ཞིག་ཡིན། དེས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འགན་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉི་རེ་བཞིན་འཕར་སྣོན་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་འཁོ་དང་གོང་འཕེལ་དོ་སྙོམས་དང་གང་ལེགས་མེད་པའི་བར་གྱི་འགན་ཟླར་འགྱུར་ཡོད། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགན་ཟླ་གཙོ་བོར་འགྱུར་བ་ཕྱིན་པ་དེས། ང་ཚོས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་གནས་སའི་ལོ་རྒྱུས་དུས་མཚམས་ལ་བརྡར་ཤ་བཅད་པར་འགྱུར་བ་བྱུང་མེད། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་མཚམས་སུ་གནས་ཡོད་པ་མ་ཟད་ད་དུང་ཡུན་རིང་གནས་རྒྱུ་ཡིན་པའི་གཞི་རྩའི་རྒྱལ་ཚུལ་ལ་འགྱུར་བ་བྱུང་མེད། རང་རྒྱལ་ནི་འཛམ་གླིང་ཐོག་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱལ་སྤྱིའི་གནས་བབས་ལ་འགྱུར་བ་བྱུང་མེད་ཅེས་བསྟན་ཡོད་པ་དང་།
          ཞི་ཅིན་ཕིང་གིས། ཏང་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་མཚམས་ཀྱི་གཞི་རྩའི་རྒྱལ་ཚུལ་དམ་འཛིན་ནན་པོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་མཚམས་ཡིན་པའི་དོན་དངོས་ཆེ་ཤོས་དེར་དམ་པོར་གཞི་ཚུགས་པ། ཏང་དང་རྒྱལ་ཁབ་ཀྱི་ཚེ་སྲོག་ལམ་ཐིག་ཡིན་པ་དང་། མི་དམངས་ཀྱི་བདེ་སྐྱིད་ལམ་ཐིག་ཡིན་པའི་ཏང་གི་གཞི་རྩའི་ལམ་ཕྱོགས་བརྟན་པོའི་ངང་རྒྱུན་འཁྱོངས་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་དང་མཐུན་སྒྲིལ། དཔལ་འབྱོར་འཛུགས་སྐྱོང་གིས་ལྟེ་བ་བྱེད་པ། གཞི་རྩའི་རྩ་དོན་དོན་ཚན་བཞི་རྒྱུན་འཁྱོངས། སྒྱུར་བཅོས་སྒོ་དབྱེ་རྒྱུན་འཁྱོངས། རང་སྟོབས་རང་འཕེལ། དཀའ་སྤྱད་ལས་སྐྲུན་བཅས་བྱས་ཏེ། རང་རྒྱལ་དེ་ཉིད་སྟོབས་འབྱོར་དང་དམངས་གཙོ། ཤེས་དཔལ། འཆམ་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཞིག་ལ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།
          དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲིའི་སྐོར་ལ། ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་ཉེ་རབས་ཚུན་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེའི་ཕུགས་འདུན་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། གུང་ཁྲན་རིང་ལུགས་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཏང་གི་ཆེས་མཐོའི་ཕུགས་བསམ་དང་ཆེས་མཐའ་མཇུག་གི་དམིགས་འབེན་ལ་བརྩིས་ནས། གྲུབ་འོས་པའི་ལས་འགན་ཕྱིར་བཤོལ་མི་བྱེད་པར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཡོད། ང་ཚོས་ལོ་རྒྱུས་ཐོག་གི་དུས་སྐབས་གང་འདྲ་ཞིག་དང་བསྡུར་ཀྱང་ད་ལྟ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་བའི་དམིགས་འབེན་མངོན་འགྱུར་ཐུབ་པ་དང་དེ་བས་ཐག་ཉེ་བ་དང་། དེ་བས་སེམས་ཤུགས་དང་ནུས་པ་ལྡན་པ་ཞིག་ཡོད་ཅེས་བསྟན་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས། རླབས་ཆེའི་ཕུགས་བསམ་མངོན་འགྱུར་ཡོང་བར་ངེས་པར་དུ་རླབས་ཆེའི་འཐབ་རྩོད་བྱེད་དགོས་པ་དང་། རླབས་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་བར་ངེས་པར་དུ་རླབས་ཆེའི་ལས་གཞི་འཛུགས་སྐྲུན་བྱེད་དགོས། རླབས་ཆེའི་ཕུགས་བསམ་མངོན་འགྱུར་ཡོང་བ་བྱེད་པར་ངེས་པར་དུ་རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས། རླབས་ཆེའི་འཐབ་རྩོད་དང་། རླབས་ཆེའི་ལས་གཞི། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་བསམ་བཅས་བར་འབྲེལ་དམ་ཟབ་ཡོད་པ་དང་། ཕན་ཚུན་གཅིག་འབྲེལ་ཡིན་པ། ཕན་ཚུན་ནུས་པ་ཐོན་གྱི་ཡོད། དེའི་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་མཁན་ནི་ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གཞི་གསར་པ་དེ་ཡིན་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས། ཁ་གསལ་བརྒྱད་ཞེས་པ་བེད་སྤྱོད་གནང་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་རྒྱས་བཤད་གནང་ཡོད། ཁོང་གིས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གོང་འཕེལ་དང་རྒྱུན་འཁྱོངས་བྱ་རྒྱུ་ཁ་གསལ་བཏོན་པ་དང་། སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་རྒྱུ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱས་པའི་རྨང་གཞིའི་སྟེང་གོམ་སྟབས་གཉིས་ལ་དབྱེ་ནས་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཚར་བ་བྱ་རྒྱུ་དེ་རེད།
          ཞི་ཅིན་ཕིང་གིས། རླབས་ཆེའི་ཕུགས་བསམ་མངོན་འགྱུར་ཡོང་བར་ངེས་པར་དུ་རླབས་ཆེའི་འཐབ་རྩོད་བྱེད་དགོས་པ་དང་། རླབས་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་བར་ངེས་པར་དུ་རླབས་ཆེའི་ལས་གཞི་འཛུགས་སྐྲུན་བྱེད་དགོས། རླབས་ཆེའི་ཕུགས་བསམ་མངོན་འགྱུར་ཡོང་བ་བྱེད་པར་ངེས་པར་དུ་རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས། རླབས་ཆེའི་འཐབ་རྩོད་དང་། རླབས་ཆེའི་ལས་གཞི། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་བསམ་བཅས་བར་འབྲེལ་བ་དམ་ཟབ་ཡོད་པ་དང་། ཕན་ཚུན་གཅིག་འབྲེལ་ཡིན་པ། ཕན་ཚུན་ནུས་པ་ཐོན་གྱི་ཡོད། དེའི་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་མཁན་ནི་ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གཞི་གསར་པ་དེ་ཡིན་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས། ཁ་གསལ་བརྒྱད་ཞེས་པ་བེད་སྤྱོད་གནང་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་རྒྱས་བཤད་གནང་ཡོད། ཁོང་གིས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གོང་འཕེལ་དང་རྒྱུན་འཁྱོངས་བྱ་རྒྱུ་ཁ་གསལ་བཏོན་པ་དང་། སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་རྒྱུ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱས་པའི་རྨང་གཞིའི་སྟེང་གོམ་སྟབས་གཉིས་ལ་དབྱེ་ནས་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཚར་བ་བྱ་རྒྱུ་དེ་རེད།
          ཞི་ཅིན་ཕིང་གིས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ནི་མར་ཁེ་སི་ལེ་ཉིལ་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཛིན་དང་གོང་འཕེལ་བཏང་བ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས། ཏང་དང་མི་དམངས་ཀྱི་ལག་ལེན་་ཉམས་མྱོང་དང་མཉམ་སྡེབ་ཀྱི་བློ་རིག་གཅིག་སྡུད་བྱས་པའི་ཉིང་བཅུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་གཞུང་མ་ལག་གི་གྲུབ་ཆ་གལ་ཆེན། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་ཡིན་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད་གོང་འཕེལ་ཟམ་མི་ཆད་པ་གཏོང་དགོས་ཞེས་གསུངས་ཡོད་པ་དང་།
          ཞི་ཅིན་ཕིང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་གཞི་རྩའི་བྱ་ཐབས་གྲུབ་པའི་རྒྱུན་འཁྱོངས་བྱེད་དགོས་པའི་དོན་ཚན་བཅུ་བཞི་ཞེས་པར་རྒྱས་བཤད་གནང་ཡོད་པ་སྟེ། ཏང་གིས་ལས་དོན་ཐ་དག་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་ལྟེ་བ་བྱ་རྒྱུ་རྒྱུན་འཁྱོངས། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས། གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། མི་དམངས་རང་ཁྱིམ་རང་བདག་བྱེད་རྒྱུ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་རྒྱུན་འཁྱོངས། གོང་འཕེལ་ཁྲོད་དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་རྒྱུན་འཁྱོངས། སྤྱིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས། ཏང་གིས་མི་དམངས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས། མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་བཅས་ཡིན་པ་རེད།
          ཞི་ཅིན་ཕིང་གིས་ལོ་བརྒྱ་བྱས་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་སྐོར་གླེང་གནང་སྐབས་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་རང་རེའི་ཏང་གིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་འཐབ་ཇུས་བཀོད་སྒྲིག་གནང་སྟེ་གོམ་སྟབས་གསུམ་ཞེས་པའི་འཐབ་ཇུས་དམིགས་འབེན་བཏོན་ཡོད། མི་དམངས་ཀྱི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་དང་། མི་དམངས་ཀྱི་འཚོ་བ་སྤྱིའི་ཆ་ནས་འབྱོར་འབྲིང་ཆུ་ཚད་ལ་སླེབས་པ་བྱེད་པའི་དམིགས་འབེན་དེ་གཉིས་པོ་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད། ད་ལྟ་ནས་སྤྱི་ལོ་2020ལོ་བར་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བཙུགས་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་མཚམས་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་ནས་ཉི་ཤུ་པའི་བར་ནི་ལོ་བརྒྱ་བྱས་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་སྣོན་སྦྲེལ་མཚམས་ཡིན། ང་ཚོས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་དང་། ལོ་བརྒྱའི་འབད་འཐབ་དམིགས་འབེན་དང་པོ་མངོན་འགྱུར་ཡོང་བ་བྱེད་དགོས་པ་མ་ཟད། འཕེལ་ཕྱོགས་དང་བསྟུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་བཙུགས་ཏེ། ལོ་བརྒྱ་བྱས་པ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་ལ་འབད་འཐབ་བྱེད་དགོས་ཞེས་གསུངས་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས། སྤྱི་ལོ་2020ལོ་ནས་བཟུང་དུས་རབས་འདིའི་དུས་དཀྱིལ་བར་དུ་དུས་རིམ་གཉིས་སུ་ཕྱེས་ནས་བཀོད་སྒྲིག་བྱས་ཆོག དུས་རིམ་དང་པོ་2020ལོ་ནས་2035ལོའི་བར་དུ་ཡིན་པ་དང་། དེའི་རིང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་རྨང་གཞིའི་ཐོག ཡང་བསྐྱར་ལོ་བཅོ་ལྔའི་རིང་འབད་བརྩོན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབསས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ་བྱ་དགོས། དུས་རིམ་གཉིས་པ་ནི་སྤྱི་ལོ་2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་ཡིན་ཞིང་། དེའི་རིང་གཞི་རྩའི་ཆ་ནས་དེང་རབས་ཅན་མངོན་འགྱུར་ཡོང་བའི་རྨང་གཞིའི་ཐོག སླར་ཡར་ལོ་བཅོ་ལྔ་འབད་འཐབ་བྱས་ཏེ་རང་རྒྱལ་ཉིད་འབྱོར་ཕྱུག་དང་དམངས་འཚོ་། ཤེས་དཔལ། འཆམ་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཏུ་འཛུགས་སྐྱོང་བྱེད་དགོས་ཞེས་བསྟན་གནང་བ་དང་། ཁོང་གིས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་གཏོད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་རང་བཞིན་གྱི་རྒྱལ་ཁབ་གང་མགྱོགས་འཛུགས་སྐྱོང་བྱེད་པ། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་བ། ས་ཁོངས་མཐུན་སྦྱོར་གོང་འཕེལ་ཡོང་བའི་འཐབ་ཇུས་ལག་ལེན་བསྟར་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་གང་མགྱོགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱས་ནས། ཁྱོན་ཡོངས་ནས་སྒོ་མོ་ཕྱེ་བའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་དང་། ཞི་ཅིན་ཕིང་གིས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ནང་དོན་གོང་འཕེལ་གཏོང་བ་སྟེ། དང་པོ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ནུས་ལྡན་ཐུབ་པ་བྱ་དགོས། གཉིས་པ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས། གསུམ་པ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ནུས་པ་གལ་ཆེན་འདོན་སྤེལ་བྱ་དགོས། བཞི་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་གཏིང་ཟབ་ཏུ་གཏོང་དགོས། ལྔ་པ། ཚན་པ་དང་སྲིད་འཛིན་སྒྲིག་གཞིའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། དྲུག་པ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་གཏོང་དགོས་ཞེས་དང་། 
          ཞི་ཅིན་ཕིང་གིས། རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་ཞིང་རྒྱས་རྒྱུར་སྐུལ་འདེད་གཏོང་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་དབང་ཆ་དམ་པོར་བཟུང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྤེལ་དང་ལག་ལེན་བསྟར་བ། བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བ་བཅས་བྱས་ནས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་གོང་འཕེལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་གནང་བ་དང་།
          ཞི་ཅིན་ཕིང་གིས། དམངས་འཚོའི་ཆུ་ཚད་ལ་འགན་སྲུང་དང་དེ་ལེགས་བཅོས་དང་། སྤྱི་ཚོགས་བཅོས་སྒྲིག་ལ་ཤུགས་སྣོན་དང་གསར་གཏོད་བྱ་དགོས། སྔོན་ལ་སློབ་གསོའི་བྱ་གཞག་གོང་འཕེལ་གཏོང་བ་དང་། ལས་ཞུགས་སྤུས་ཚད་དང་མི་དམངས་མང་ཚོགས་ཀྱི་ཡོང་འབབ་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། དབུལ་གྲོལ་འགག་གཏོར་ལ་རྒྱལ་ཁ་ལེན་པ། བདེ་ཐང་གི་ཀྲུང་གོ་འཛུགས་སྐྱོང་བྱེད་པའི་འཐབ་ཇུས་ལག་ལེན་བསྟར་བ། མཉམ་འཛུགས། མཉམ་བཅོས། མཉམ་སྤྱོད་བཅས་ཐུབ་པའི་སྤྱི་ཚོགས་བཅོས་སྒྲིག་ཀྱི་རྣམ་པ་གཏོད་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱ་དགོས་ཞེས་བསྟན་བ་དང་།
          ཞི་ཅིན་ཕིང་གིས། འབྱུང་ཁམས་དཔལ་ཡོན་སྒྲིག་གཞིར་བསྒྱུར་བཅོས་བྱེད་མགྱོགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྱོང་བྱ་དགོས། འབག་མེད་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་གི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་པ། འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འབྱུང་ཁམས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་སྒྲིག་གཞིར་བསྒྱུར་བཅོས་བྱ་དགོས་ཞེས་བསྟན་ཡོད།
          ཞི་ཅིན་ཕིང་གིས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྟོབས་ཆེའི་དམག་དཔུང་འཛུགས་རྒྱུའི་ལམ་བུའི་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་འགྱུར་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ངེས་པར་དུ་དུས་རབས་གསར་པའི་ཏང་གི་སྟོབས་ཆེའི་དམག་དཔུང་འཛུགས་སྐྱོང་བསམ་བློ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། སྟོབས་ཆེའི་དེང་རབས་ཅན་གྱི་སྐམ་དམག་དང་མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའི་དམག འཐབ་ཇུས་རོགས་སྐྱོར་དཔུང་སྡེ་བཅས་འཛུགས་སྐྱོང་བྱེད་པ། དཔའ་ངར་ཆེ་བ་དང་ལས་ཆོད་མཐོ་བའི་དམག་འཐབ་ཁུལ་གྱི་མཉམ་སྦྲེལ་དམག་འཐབ་བཀོད་འདོམས་ལས་ཁུངས་གཏོད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་འཐབ་མ་ལག་བཙུགས་ཐོག་ཏང་དང་མི་དམངས་ཀྱིས་སྤྲད་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཡག་པོ་འཁུར་དགོས་ཞེས་གསུངས་ཡོད་པ་དང་།
          ཞི་ཅིན་ཕིང་གིས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་བྱེད་པ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་དགོས། ཤང་གང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཤང་གང་དང་ཨའོ་མོན་རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ། རྒྱལ་གཅེས་དང་ཤང་གང་ལ་གཅེས་པ། ཨའོ་མོན་ལ་གཅེས་པ་བཅས་ཀྱི་སྟོབས་ཤུགས་ཆེ་རུ་བཏང་ནས་ཤང་གང་དང་ཨའོ་མོན་གྱི་སྤུན་ཟླ་རྣམས་ཀྱིས་མེས་རྒྱལ་མི་དམངས་དང་མཉམ་དུ་མི་རིགས་སྐྱར་དར་གྱི་ལོ་རྒྱུས་འགན་འཁྲི་འཁུར་བ་དང་མེས་རྒྱལ་དར་རྒྱས་སྟོབས་འབྱོར་ལྡན་པའི་རླབས་ཆེན་གཟི་བརྗིད་མཉམ་སྤྱོད་ཐུབ་པ་བྱེད་དགོས། མུ་མཐུད་དེ་ཞི་བས་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མེས་རྒྱལ་ཞི་བདེ་གཅིག་གྱུར་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་ཁབ་ཁ་བྲལ་གྱི་ལོ་རྒྱུས་ཀྱི་སྐྱོ་གནས་སླར་ཡང་ཐོན་དུ་རྩ་བ་ནས་འཇུག་རྒྱུ་མེད་ཅེས་གསུངས་ཡོད་པ་དང་།
          ཞི་ཅིན་ཕིང་གིས། ཞི་བདེ་གོང་འཕེལ་གྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་སྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཞི་བདེ་དང་གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་དང་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་འབེན་བརྟན་སྲུང་གིས་བློ་བརྟན་འགྱུར་མེད་སྒོ་ནས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་བར་གྱིང་མཛའ་གྲོགས་མཉམ་ལས་གོང་འཕེལ་གཏོང་བ་དང་ཕན་ཚུལ་བརྩི་འཇོག་དང་གཞུང་དྲང་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་དང་།
          ཞི་ཅིན་ཕིང་གིས། བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱས་ནས་ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
          ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དེ་བཞིན་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་པའི་ཕྱོགས་བརྒྱད་ཐད་ཀྱི་གལ་ཆེའི་ལས་འགན་བཏོན་གནང་ཡོད་ཅིང་དེ་ཡང་དང་པོ་ནི་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཨང་དང་པོར་འཇོག་དགོས་པ་དང་གཉིས་པ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ཏང་ཡོངས་ལ་དྲག་ཆས་སྤྲོད་པ། གསུམ་པ་ནི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་ལས་བྱེད་དཔུང་ཁག་འཛུགས་སྐྱོང་བྱེད་པ། བཞི་པ་ནི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལྔ་པ་ནི་རྒྱུན་བསྲིང་ལྷོད་མེད་སྒོ་ནས་སྤྱོད་གཙང་དར་སྤེལ་དང་སྒྲིག་ཁྲིམས་ནན་སྲུང་བྱེད་པ། དྲུག་པ་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གནོན་པའི་རང་བཞིན་གྱི་རྒྱལ་ཁ་ལེན་པ། བདུན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བརྒྱད་པ་ནི་སྲིད་འཛིན་འཇོན་ཐང་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས་པ་བཅས་ཡིན་ཞེས་བཏོན་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས་སྙན་ཞུ་གནང་བའི་བརྒྱུད་རིམ་ནང་ཚོགས་ར་ཡོངས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་བསྒྲགས་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716