ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > གལ་ཆེན།

ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་བསམ་འཆར་བསྡུ་ལེན་གནང་བ།

དབང་འདུས་ཀྱིས་བསྒྱུར།    发布时间: 2017-10-16 16:58:00    来源: ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཟླ་བརྒྱད་པའི་ཚེས་༣༠ཉིན་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་བསམ་འཆར་བསྡུ་ལེན་བྱེད་པའི་མ་ཟིན་ཐད་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་འགོ་ཁྲིད། ཏང་ཤོག་གང་ལ་ཡང་མ་གཏོགས་པའི་མི་སྣ་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གསན་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ཡུས་ཀྲེང་ཧྲེང་དང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། བཞུགས་མོལ་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་བསམ་འཆར་བསྡུ་བའི་མ་ཟིན་གྲུབ་པའི་བརྒྱུད་རིམ་ངོ་སྤྲོད་གནང་བ་དང་། ཁོང་གིས་ཏང་ཕྱིའི་མི་སྣས་གང་བསམ་ལྷུག་གླེང་དང་། རང་ཉིད་ཀྱི་འདོད་ཚུལ་གླེང་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་ལ་བསམ་འཆར་འདོན་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།
          ཀྲུང་གོའི་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཤང་དང་། ཀྲུང་གོའི་དམངས་གཙོ་མནའ་འབྲེལ་གྱི་ཀྲུང་དབྱང་ཀྲུའུ་ཞི་ཀྲང་སྦའོ་ཝུན། ཀྲུང་གོའི་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཁྲང་ཀྲེ། ཀྲུང་གོའི་དམངས་གཙོ་སྐུལ་འདེད་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཡན་ཅུན་ཆི། ཀྲུང་གོའི་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་གྲུའུ། ཀྲེ་ཀུང་ཏང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཇང་ཙོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧན་ཆི་སྡེ། ཐེ་དབན་དམངས་གཙོ་རང་སྐྱོང་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་ལིན་ཝུན་ཆི། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་ཝང་ཆིན་མིན། ཏང་ཤོག་གང་ལའང་མི་གཏོགས་མི་སྣའི་འཐུས་མི་ཀོ་ལེ་བཅས་ནས་སྔ་རྗེས་སུ་གཏམ་བཤད་སྤེལ་གནང་ཡོད། ཁོང་རྣམ་པས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་དེང་གི་འཛམ་གླིང་དང་དེང་རབས་ཀྲུང་གོའི་གོང་འཕེལ་གྱི་འཕེལ་ཕྱོགས་ཆེན་མོ་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་འགན་སེམས་ཆེན་པོའི་ཐོག་ནས་དར་ཆ་སྒྲེང་བའི་ཁ་ཕྱོགས་གཏན་འཁེལ་གནང་བ་དང་། བཀོད་སྒྲིག་ཇུས་འགོད་ཞིབ་ཚགས་པ། དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད་དང་། གསར་གཏོད་ཡར་བརྩོན་གནང་བ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་བཏང་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་མ་ཟིན་གྱིས་ལོ་རྒྱུས་དང་དུས་རབས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་རྒྱས་བཤད་གཏིང་ཟབ་བྱས་ཡོད་པ་དང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་རིགས་གཞུང་གལ་ཆེན་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་བྱས་པ། བསམ་བློ་གལ་ཆེན་དང་། ལྟ་བ་གལ་ཆེན། བརྡར་ཤ་གལ་ཆེན་གཅོད་པ། བྱ་ཐབས་གལ་ཆེན་བཅས་རབ་དང་རིམ་པ་བཏོན་གནང་བའི་ངོས་འཛིན་གནང་ཡོད།
          ཚོགས་ཞུགས་བློ་མཐུན་རྣམ་པས་གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་ཉུང་གཏོང་ལ་སྐུལ་འདེད་དང་། དཔལ་འབྱོར་གོང་འཕེལ་གྱི་ཁོར་ཡུག་ལེགས་སྒྱུར། གྲོང་གསེབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གསར་སྐྲུན་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད། ཚན་རྩལ་གསར་སྐྲུན་གྱི་མ་ལག་རང་བཞིན་གྱི་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ཐད་འདྲ་མཉམ་དང་གཞུང་དྲང་གི་ཁྲིམས་སྐྱོང་ཁོར་ཡུག་གཏོད་པ། ཏང་ཕྱིའི་ཤེས་ཡོན་ཅན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ། དབང་ཆ་བེད་སྤྱོད་ལ་ཚད་བཀག་དང་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྒྲོལ་འགག་གཏོར་དང་སྐྱེ་ཁམས་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་པ། གཞོན་ནུ་ལོ་ཆུང་དང་བྱིས་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱེད་པ། བདེ་ཐང་གི་ཀྲུང་གོ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་གཞི་སྒྱུར་བཅོས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་བར་སྣུར་བསྲིངས་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནད་དོན་ལ་གཞིགས་ཏེ་བསམ་འཆར་དང་གྲོས་འགོ་བཏོན་གནང་ཡོད་པ་རེད།
          ཚང་མའི་གཏམ་བཤད་གསན་གྲུབ་རྗེས། ཞི་ཅིན་ཕིང་གིས་གལ་ཆེའི་གསུངས་བཤད་གནང་ཡོད་པ་དང་། ཁོང་གིས། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་༡༩པའི་སྙན་ཞུ་འཆར་ཟིན་བྱེད་པའི་ལས་དོན་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་༡༩པའི་གྲ་སྒྲིག་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གུང་ཀྲུང་དབྱང་གིས་ལས་དོན་དེར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། སྙན་ཞུ་འཆར་ཟིན་བྱེད་པའི་བརྒྱུད་རིམ་ནང་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ་བཅས་བྱས་ཏེ། འབད་བརྩོན་ཆེ་ཤོས་ཀྱི་ཐོག་ནས་ཕྱོགས་ཁག་གི་བློ་རིག་གཅིག་བསྡུས་བྱས་ཡོད། དེ་རིང་། ཚང་མས་བསམ་འཆར་དང་གྲོས་འགོ་ཡག་པོ་མང་པོ་བཏོན་ཡོད་པས། སྙན་ཞུའི་མ་ཡིག་བཟོ་བཅོས་ཡག་པོ་བྱ་རྒྱུར་རོགས་རམ་ཆེན་པོ་བྱུང་ཡོད། ང་ཚོས་ཚང་མས་བཏོན་པའི་བསམ་འཆར་ལ་ཞིབ་འཇུག་ནན་ཏན་བྱས་ཏེ། བཟོ་བཅོས་བྱེད་པའི་ཁྲོད་བསྡུ་ལེན་གང་ལེགས་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་ཡོད་པ་དང་།
          ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བའི་ཕྱོགས་གལ་ཆེན་ཞིག་ནི། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་གོང་འཕེལ་གཏོང་བ། དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དེ་བས་ཡག་པ་བྱ་རྒྱུ་དེ་ཡིན། དེ་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བ་དང་། དེ་བས་ཡག་པའི་སྒོ་ནས་རྒྱལ་ཡོངས་མི་རིགས་ཁག་མི་དམངས་ཀྱི་སྣེ་ཁྲིད་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བྱ་རྒྱུར་མཐའ་མའི་རྒྱལ་ཁ་ལེན་པ་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུའི་ཐད་ཧ་ཅང་གལ་ཆེ་བའི་ནུས་པ་ལྡན་ཡོད་ཅེས་བསྟན་ཡོད་པ་རེད།
          ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པ། གང་ཤོག་གལ་ལའང་མི་གཏོགས་པའི་མི་སྣས་བཅས་ཀྱིས་རང་འགུལ་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་བུ་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ངོས་འཛིན་ཤུགས་ཆེར་གཏོང་བ་དང་། རང་སོ་སོའི་ཁོངས་གཏོགས་མི་སྣ་དང་འབྲེལ་བ་བྱེད་སའི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ། རང་རྒྱལ་གྱི་གོང་འཕེལ་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ངོས་འཛིན་གང་ལེགས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་བུའི་ཡིད་ཆེས་དང་རིག་གཞུང་ཡིད་ཆེས། ལམ་ལུགས་ཡིད་ཆེས། རིག་གནས་ཡིད་ཆེས་བཅས་བརྟན་པོ་འཛུགས་པ། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབས་ལ་ཡང་དག་པའི་དབྱེ་ཞིབ་བྱེད་པ། ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་གཅིག་བསྡུས་བྱེད་པ། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་བསྡུས་བྱེད་པ་བཅས་དང་། རང་རྒྱལ་གྱི་སྤྱི་ཚོགས་གོང་འཕེལ་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་ཡང་དག་པའི་ངོས་འཛིན་བྱེད་པ་དང་། སྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་ཁྲོད་ཐོན་པའི་དཀའ་ངལ་དང་གནད་དོན་གནས་ལ་འཕིགས་པའི་ངང་ཁོང་དུ་ཆུད་པ། རང་སོ་སོའི་བཟང་ཆ་འདོན་སྤེལ་བྱེད་པ། རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ལ་གཞིགས་ནས། གཙོ་གནད་འབུར་དུ་ཐོན་པའི་ངང་དམ་འཛིན་བྱེད་པ་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ། གཞི་རིམ་དང་ཐག་ཉེ་བ་དང་། ལག་ལེན་གཏིང་ཟབ་བྱེད་པ། མང་ཚོགས་ལ་དགོས་འཁོ་དང་ཐབས་ཇུས་འདྲི་བ། ཡང་དག་པའི་ལྟ་བ་འདོན་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པར་མི་དམངས་ནས་ཁས་ལེན་ཐོབ་པ་དང་། ལོ་རྒྱུས་ཀྱི་ཚོད་གམས་ཐེག་ཐུབ་པ་བྱེད་དགོས་པའི་ཐུགས་རེ་གནང་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716