ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > གལ་ཆེན།

ཚོགས་ཆེན་བཅུ་དགུ་པའི་རྒྱལ་ཡོངས་ཀྱི་པེ་ཅིང་ཕྱིའི་འཐུས་མི་ཚོགས་པ་དང་པོ་བོད་ལྗོངས་འཐུས་མི་ཚོགས་པ་སྤྱི་ཚེས་༡༤ཉིན་རྡོག་ཐོན་བྱས་པ།

རྡོ་རྗེས་བསྒྲིགས།    发布时间: 2017-10-16 17:25:00    来源: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
          ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༤ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་པེ་ཅིང་ཕྱིའི་འཐུས་མི་ཚོགས་པ་དང་པོ་བོད་ལྗོངས་འཐུས་མི་ཚོགས་པ་ལྷ་ས་ནས་རྡོག་ཐོན་བྱས་ཏེ་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་༡༩པར་བཞུགས་པར་ཕེབས་པ་དང་། སྔོན་དཔག་བྱས་ན་སྤྱི་ཚེས་༡༥ཉིན་པེ་ཅིང་དུ་འབྱོར་རྒྱུ་ཡིན་པ་རེད།
          པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་༡༩པར་བཞུགས་མཁན་ བོད་ལྗོངས་འཐུས་མི་ཚོགས་པའི་འཐུས་མི་ཁྱོན་༣༠ཡོད་པ་དང་། འཐུས་མི་༣༠དེ་དག་ཁྲོད། ལས་རིགས་ཁག་གི་གཞི་རིམ་གྱི་འཐབ་ས་དང་པོའི་ཏང་ཡོན་༡༡དང་། སློབ་གསོ་དང་། སྨན་བཅོས། ས་གཤིས་ཀྱི་རྩད་ཞིབ་ཐིག་ལེན་སོགས་ཁྱབ་ཁོངས་མང་པོའི་འཐབ་ས་དང་པོའི་ལས་དོན་མི་སྣ་ཡོད་པ་རེད། འཐུས་མི་ཚོའི་ཕྲག་སྟེང་དུ་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་དང་རེ་བ་འཁུར་ཡོད་པ་དང་། ཚང་མས་གཅིག་མཇུག་གཉིས་མཐུད་ངང་། སེམས་རྩ་འཁོལ་པོ་དང་སྙིང་སྟོབས་ཆེན་པོས་ཚོགས་ཆེན་གྱི་གྲོས་རིམ་ཁག་ནང་བཞུགས་རྒྱུ་དང་། ཏན་ཏིག་ངང་བླ་ན་མེད་པའི་འགན་འཁྲི་འཁུར་རྒྱུ་ཡིན་ཞེས་བསྟན་ཡོད། ལོ་རབས་དགུ་བཅུ་པར་སྐྱེས་པའི་འཐུས་མི། ལྷོ་ཁ་གྲོང་ཁྱེར་སྣེ་གདེང་ཁུལ་ སྤྱི་བདེ་ཅུས་ཀྱི་སྤྱི་བདེའི་རིམ་པ་དང་པོའི་ཞིབ་བཤེར་ས་ཚུགས་ཀྱི་སློབ་སྟོན་པ་ཡའོ་ཁྲེས། པེ་ཅིང་དུ་རྒྱས་ཚོགས་ལ་བཞུགས་རྒྱུ་བྱུང་བར། ང་རང་ལ་གཟི་བརྗིད་ཆེན་པོ་འདུག། ངས་གོ་སྐབས་དེ་དམ་འཛིན་བྱས་ནས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལེགས་པོ་བྱེད་པ་དང་། གཙོ་གནད་ཐོག་ཚོགས་ཆེན་བཅུ་དགུ་པའི་སྲིད་ཁྲིམས་ལས་དོན་ཀྱི་བཀོད་སྒྲིག་ཐད་དོ་ཁུར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
          གྲངས་ཉུང་མི་རིགས་ས་ཁུལ་གྱི་འཐུས་མི་ཚོགས་པ་ཡིན་པའི་ངོས་ནས། བོད་ལྗོངས་འཐུས་མི་ཚོགས་པར་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཁྱོན་༢༠ཡོད་པ་རེད། ནག་ཆུ་ས་ཁུལ་གྱི་འཐུས་མི་ཐེན་ཧེའི་ཡུལ་གྱིས། ང་ཚོ་གཞི་རིམ་གྱི་འཐུས་མིས་གཞི་རིམ་མང་ཚོགས་ཀྱི་རེ་འདུན་ཀྲུང་དབྱང་ལ་སྙན་གསེང་ཞུ་རྒྱུ་ཡིན། ངས་ཚོགས་ཆེན་བཅུ་དགུ་པས་ང་ཚོ་བོད་ལྗོངས་དང་ལྷག་པར་དུ་ས་བབ་མཐོ་བ་དང་ཐག་རིང་ས་ཁུལ་ལ་ཕན་བདེའི་སྲིད་ཇུས་གང་ཞིག་བསྐྲུན་མིན་ཐད་དོ་ཁུར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
          ཚོགས་ཆེན་བཅུ་བརྒྱད་པ་ཚོགས་ཚུན་བོད་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་ཕྱིན་པ་དང་། དམངས་འཚོ་ཟམ་མི་ཆད་པར་ལེགས་བཅོས་ཕྱིན་པ། སྤྱི་ཚོགས་སྤྱི་ཡོངས་ནས་བརྟན་པོ་དང་རྒྱུན་མཐུད་ངང་ལེགས་པའི་ཕྱོགས་སུ་བསྐྱོད་ཡོད། འཐུས་མི་སྤེན་པ་བཀྲ་ཤིས་ཀྱིས་ཚོགས་ཆེན་བཅུ་དགུ་པར་བཞུགས་པ་བརྒྱུད་ཕྱི་ཕྱོགས་ལ་མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ་མངོན་པར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཁོང་གིས། ང་ཚོའི་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་འགྱུར་བ་གསར་པ་དང་རྣམ་པ་གསར་པ། གྲུབ་འབྲས་གསར་པ་བཅས་དྲིལ་བསྒྲགས་ཡག་པོ་བྱ་རྒྱུ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་བསམ་འདུན་རེ་བ་བརྒྱུད་ཞུ་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716