ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > གལ་ཆེན།

ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གུང་སྐབས་བཅུ་དགུ་པའི་ཚོགས་ཆེན་སྙན་ཞུ་སྐོར་ལ་ཏང་ཕྱི་མི་སྣའི་བསམ་འཆར་སྡུད་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས།

པདྨ་ཚེ་རིང་གིས་བསྒྱུར།    发布时间: 2017-10-18 12:00:00    来源: ཤིན་ཧྭ་གསར་འགྱུར་ཁང་།
          ཤིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིང་ནས་ཟླ་10བའི་ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གིས་ཟླ་8པའི་ཚེས་30ཉིན་ཀྲུང་ནན་ཧེ་རུ་ཏང་ཕྱི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས། ཀྲུང་གུང་སྐབས་བཅུ་དགུ་བའི་ཚོགས་ཆེན་སྙན་ཞུར་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་དག་གི་བསམ་འཆར་སྡུད་ལེན་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་། ཁོང་གིས་ནན་གྱིས་བསྟན་དོན། དམིགས་ཚད་གསར་པ་དང་མདུན་ལམ་གསར་པར་གདོང་གཏོད་པར་ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་ལ་མཉམ་ལས་མཉམ་སྒྲུབ་ལ་ཤུགས་སྣོན་རྒྱག་དགོས། གཞི་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་ལ། ཚད་མཐོན་པོའི་སྒོ་ནས་རིམ་གྲས་ཁག་གི་ཕྱོགས་སོ་སོ་ནས་བྱུང་བའི་བློ་གྲོས་དང་སྟོབས་ཤུགས་རྣམས་གོང་བུ་གཅིག་ཏུ་བསྒྲིལ་དགོས། ཚད་མཐོན་པོའི་སྒོ་ནས་སྤྱི་ཚོགས་ཡོངས་དང་མི་རིགས་ཡོངས་ཀྱི་ཧུར་སེམས་དང་། རང་འགུལ། གསར་གཏོད་བཅས་འདོན་སྤེལ་གང་ལེགས་བྱེད་དགོས་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ལ་ཐུན་མོང་གིས་འབད་བརྩོན་བྱེད་དགོས་ཞེས་གསུངས། 
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཡུས་ཀྲེང་ཧྲེང་དང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན་བཅས་ཚོགས་འདུར་ཞུགས།

          བཞུགས་མོལ་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་བཅུ་དགུ་པའི་ཚོགས་ཆེན་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་གྲུབ་པའི་བརྒྱུད་རིམ་མཚམས་སྦྱོར་བྱས་པ་དང་། ཁོང་གིས་ཏང་ཕྱི་མི་སྣ་དག་གིས་གང་བསམ་ལྷུག་པོར་བརྗོད་ཅིང་། རང་གི་ལྟ་སྟངས་བཤད་ནས་ཀྲུང་གུང་སྐབས་བཅུ་དགུ་པའི་ཚོགས་ཆེན་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་ལ་བསམ་འཆར་འདོན་པའི་རེ་བ་བཏོན། 
          ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨེ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲང་པའོ་ཝུན། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཁྲང་ཀྲི། དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཡན་ཅུན་ཆི། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། སྤྱི་སྙེག་ཏང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཙུའོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧན་ཆི་ཏེ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ལིན་ཝུན་དབྱི། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཆིན་མའེ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཀོ་ལེ་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་གནང་བ་རེད། ཁོང་ཚོའི་བསམ་ཚུལ་ལྟར་ན། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གཙོར་གྱུར་པའི་ཀྲུང་གུང་ཀྲུང་དབྱང་གིས་དེང་དུས་འཛམ་གླིང་དང་དེང་རབས་ཀྱི་གནས་བབ་འོག་གི་ཀྲུང་གོའི་འཕེལ་རྒྱས་གནས་ཚུལ་དེ་ཚན་རིག་དང་མཐུན་པའི་ངེས་འཛིན་གཏིང་ཟབ་མོ་གནང་སྟེ། ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་བྱ་གཞག་གི་འགན་འཁྲི་ཆེན་མོ་ཁུར་ནས། ཕྱོགས་སྟོན་གྱི་དར་ཆ་མཐོན་པོར་བསྒྲེང་ཞིང་བློ་བཀོད་འཐབ་ཇུས་ནན་མོ་བཏོན་ཏེ་དཀའ་ངལ་ལ་མ་འཛེམས་པར་མདུན་དུ་བསྐྱོད་པ་དང་། གསར་གཏོད་ཡར་བརྩོན་བྱས་པ།“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་བྱས་པ། “ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་པ་སྙོག་སྒྲིག་སྒོས་སྤེལ་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ལེན་པར་ཧུར་བརྩོན་བྱས་པ་རེད་ཅེས་གསུངས།
          ཀྲུང་གུང་སྐབས་བཅུ་དགུ་པའི་ཚོགས་ཆེན་སྙན་ཞུའི་མ་ཟིན་ནི་ལོ་རྒྱུས་དང་དུས་རབས་ཀྱི་མཐོ་ཚད་ནས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་འཚོགས་ཚུན་གྱི་ཀྲུང་གོའི་གུང་ཁྲན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་རྒྱས་བཤད་གཏིང་ཟབ་གནང་བ་དང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་རྒྱུན་འཁྱོངས་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན། དགོངས་པ་གལ་ཆེན། ལྟ་བ་གལ་ཆེན། བརྡར་ཤ་གལ་ཆེན། བྱེད་ཕྱོགས་གལ་ཆེན་བཅས་རྒྱས་བཤད་གཏིང་ཟབ་གནང་བ་ཞིག་ཡིན། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་སྒྲིག་གཞི་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཚན་རྩལ་གསར་གཏོད་ལ་མཐོང་ཆེན་བྱེད་པའི་མ་ལག་རང་བཞིན་གྱི་ཁོར་ཡུག་འཛུགས་སྐྲུན་བྱེད་པ། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྔར་བས་ཀྱང་དྲང་བཞག་ཡིན་པའི་ཁྲིམས་སྐྱོང་ཁོར་ཡུག་བསྐྲུན་པ། ཏང་ཕྱི་ཤེས་ཡོན་ཅན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ། དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། དབུལ་ཐར་སྲ་བརྟན་དང་སྐྱེ་ཁམས་འཛུགས་སྐྲུན་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། ལོ་ཆུང་བྱིས་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བར་མཐོང་ཆེན་བྱེད་པ། བདེ་ཐང་གི་ཀྲུང་གོ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་བསྒྱུར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་རྒྱུ་དེ་གཞི་རིམ་བར་རྐྱོང་བ། ཏང་གི་གཞི་རིམ་རྩ་འཛུགས་ལེགས་སྐྱོང་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ནས་བསམ་འཆར་དང་གྲོས་འཆར་གང་ལེགས་བཏོན།
ཚང་མའི་གཏམ་བཤད་ལ་ཉན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན་དམངས་གཙོའི་ཏང་ཁག་ནི་ཀྲུང་གོ་གུང་ཁྲན་ཏང་གི་མཛའ་གཅུགས་གྲོགས་ཏང་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་ཀྱི་གལ་ཆེའི་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལ་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་བསམ་འཆར་ལ་ཉན་པ་ནི་དུས་ཡུན་རིང་པོའི་ནང་ནས་གཏན་འཇགས་བྱུང་བའི་གོམས་སྲོལ་ཞིག་ཡིན་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གྲོས་མོལ་དང་མི་མང་དམངས་གཙོ་ཡིན་པའི་མངོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན་ཞེས་གསུངས།
          ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གུང་སྐབས་བཅུ་དགུ་པའི་སྙན་སྒྲོན་འཆར་ཟིན་འགོད་རྒྱུའི་ལས་ཀ་ནི་ཀྲུང་གུང་སྐབས་བཅུ་དགུ་པའི་ཚོགས་ཆེན་གྲ་སྒྲིག་གི་བྱ་བ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་གིས་ལས་ཀ་འདིར་བརྩི་མཐོང་ཆེན་པོ་བྱེད་ཀྱིན་ཡོད། འཆར་ཟིན་འགོད་པའི་ལས་ཀ་མགོ་བརྩམས་པ་ནས་བཟུང་སྟེ། ང་ཚོས་འབད་པ་ཆེན་པོས་ཏང་ཡོངས་ཀྱི་བློ་གྲོས་གཅིག་ཏུ་འདུ་ཞིང་མི་དམངས་ཀྱི་རེ་འདུན་དང་མཐུན་པ། རང་རྒྱལ་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་པ། རྒྱལ་སྤྱིའི་སྤྱི་ཚོགས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཐུབ་པའི་སྙན་ཞུ་འབུལ་རྒྱུ་རེ་བ་བཟུང་ཡོད། དམིགས་ཡུལ་འདི་ཉིད་འགྲུབ་པའི་ཆེད་དུ་ང་ཚོས་སྙན་ཞུའི་མ་ཟིན་འཆར་འགོད་བྱེད་པའི་བརྒྱུད་རིམ་ནང་དམངས་གཙོ་དར་སྤེལ་གང་ལེགས་དང་། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན། ཀུན་གྱི་བསམ་འཆར་སྡུད་ལེན་བཅས་ནུས་ཤུགས་གང་ཡོད་བཏོན་ནས་ཕྱོགས་སོ་སོའི་བློ་གྲོས་གཅིག་ཏུ་བསྡུ་རྒྱུར་ནན་བཤད་བྱས་ཡོད། དེ་རིང་ཚང་མས་བསམ་འཆར་དང་གྲོས་འགོ་ཡག་པོ་གང་མང་བཏོན་པ་ནི་སྙན་ཞུའི་མ་ཟིན་ལ་བཟོ་བཅོས་རྒྱག་པར་ཕན་ཐོགས་ཆེན་པོ་ཡོད། ང་ཚོས་ཚང་མས་བཏོན་པའི་བསམ་འཆར་ལ་ཞིབ་འཇུག་ནན་ཏན་གྱིས་ནས་མ་ཟིན་བཟོ་བཅོས་ཀྱི་ཁྲོད་དུ་བསྡུ་ལེན་དང་ཁས་ལེན་གང་ལེགས་བྱ་ངེས་ཡིན་ཞེས་གསུངས། 
          ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏང་མང་མཉམ་ལས་དང་། ཆབ་སྲིད་གྲོས་མོལ་བྱེད་པའི་ལམ་ལུགས་ནི་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བར་གལ་ཧ་ཅང་ཆེ་བའི་ཕྱོགས་ཤིག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གྲོས་མོལ་དང་མི་མང་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ། དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་དགེ་མཚན་ལྡན་པའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་ཐུབ་པ་བྱ་རྒྱུ་དེ་ཡིན། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་སྐྱོང་བའི་འཇོན་ཐང་དང་འགོ་ཁྲིད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། དེ་བས་ལེགས་པའི་སྒོ་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ནུས་པ་ཆེན་པོ་ཐོན་གྱི་ཡོད་།
          ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་རང་རྟོགས་ཀྱི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་སྲུང་སྐྱོང་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་པར་བློ་ཁ་མཐུན་པ། སོ་སོས་ཁོངས་མི་དང་དེར་འབྲེལ་བའི་མང་ཚོགས་རྣམས་ཕན་ཚུན་མཐུན་སྒྲིལ་བྱེད་པའི་རེ་བ་བཏོན། རང་རྒྱལ་གྱི་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་གདེང་ཚོད་ཡོད་པ་དང་། རིགས་པའི་གཞུང་ལུགས་ལ་གདེང་ཚོད་ཡོད་པ། ལམ་ལུགས་ལ་གདེང་ཚོད་ཡོད་པ། རིག་གནས་ལ་གདེང་ཚོད་ཡོད་པ་བཅས་སྲ་བརྟན་དུ་གཏོང་རྒྱུ། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་ཡང་དག་བྱས་ནས་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་ཡོང་སྟེ་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུ་རྒྱུ། རང་རྒྱལ་སྤྱི་ཚོགས་འཕེལ་རྒྱས་ལ་དུས་རིམ་རང་བཞིན་ཡོད་པའི་ཁྱད་ཆོས་ལ་ངོས་འཛིན་ཡང་དག་བྱ་བ་དང་། སྒྱུར་བཅོས་དང་འཕེལ་རྒྱས་བརྟན་བརླིང་བཅས་ཀྱི་ཕྱོགས་ནས་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་ངེས་འཛིན་གང་ལེགས་བྱ་རྒྱུ། རང་རང་གི་བཟང་ཆ་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དམིགས་ནས་གཙོ་གནད་འབུར་དུ་ཐོན་པ་དང་། ཞན་ཆ་གཙོ་བོ་ཁ་གསབ་བྱེད་པ། གཞི་རིམ་ལ་ཞུགས་པ། ལག་ལེན་གཏིང་ཟབ་བྱེད་པ། དམངས་ཚོགས་ཀྱི་དགོས་མཁོ་འདྲི་བ། དོན་དངོས་ཀྱི་གནད་དོན་ལ་དངོས་ཐོག་གི་བསམ་འཆར་འདོན་པ། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་བརྟན་བརླིང་ངང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དེ་མི་དམངས་ཀྱིས་ཁས་ལེན་བྱེད་པ་དང་ལོ་རྒྱུས་ཀྱིས་བདེན་བཤེར་ཐུབ་པ་ཞིག་ཡོང་དགོས་ཞེས་གསུངས། 
          ཐེངས་འདིའི་བཞུགས་མོལ་ཚོགས་འདུ་རུ་ཝང་ལུའུ་ཉིང་དང་། ལིའུ་ཆི་པའོ། ཞུས་ཆི་ལེའང་། སུན་ཁྲུན་ལན། ཝང་དབྱང་། ཀྲའོ་ལེ་ཅི། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲི། ཀྲོའུ་ཞའོ་ཁྲོན་བཅས་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ་བཅས་ཞུགས་པ་རེད་།
          བཞུགས་མོལ་ཚོགས་འདུར་ཞུགས་པའི་ཏང་ཕྱི་མི་སྣར་ད་དུང་ལུའོ་ཕུའུ་ཧོ་དང་། ཆི་ཤུས་ཁྲུན། ཁྲེན་ཞའོ་ཀོང་། མ་ཕེ་ཧྭ། ལིའུ་ཞའོ་ཕུང་དང་ཧོ་མིང་ཅིན། ཚའེ་ཏ་ཧྥེང་། ཧྲའོ་ཧུང་། ཧོང་ཀྲི་ཞན། ཡེ་ཞའོ་ཀང་སོགས་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716