ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > གལ་ཆེན།

ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་འཚོགས་པ།

མིག་དམར་རྒྱ་མཚོ།    发布时间: 2017-10-18 17:18:00    来源: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
          སྤྱི་ཚེས་༡༨ཉིན་གྱི་སྔ་དྲོར། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཡོད། ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཚབ་ཞུས་གནང་སྟེ་ཚོགས་ཆེན་ཐོག་འགོ་བརྗོད་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཟིན་པ་བྱེད་པའི་མཐའ་མའི་དུས་མཚམས་ལ་རྒྱལ་ཁ་ཐོབ་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རླབས་ཆེའི་རྒྱལ་ཁ་བརྩོན་ལེན་བྱེད་པ་ཞེས་པའི་སྙན་ཞུ་གནང་བ་རེད།
          ཞི་ཅིན་ཕིང་གིས་ད་ཐེངས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་བ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་ཟིན་པ་བྱེད་པའི་མཐའ་མའི་དུས་མཚམས་ལ་རྒྱལ་ཁ་ཐོབ་པ་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་ཐུབ་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས་གནང་ཡོད།
          ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཀྲུའུ་ཞི་སྟེགས་བུའི་མདུན་དུ་བཞུགས་ཡོད་པ་རེད།
          ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་ཞིང་སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་ཚོགས་འདུ་འགོ་ཚུགས་ཡོད། ཚོགས་རའི་ཐོག་ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་། དེ་རྗེས་བློ་མཐུན་ཡོངས་ནས་མའོ་ཙེ་ཏུང་དང་། ཀྲའུ་ཨེན་ལའེ། ལིའུ་ཧྲའུ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིང་། ཁྲེན་ཡུན་སོགས་སྐུ་གཤེགས་ཟིན་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་ངག་བསྡམས་ནས་མྱ་ངན་ཞུས་ཡོད།
          ལི་ཁེ་ཆང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་དགོས་པའི་འཐུས་མི་༢༢༨༠དང་། དམིགས་བསལ་གདན་ཞུས་འཐུས་མི་༧༤ ཁྱོན་འཐུས་མི་༢༣༥༤ཡོད་དགོས་པ་ཡིན། དེ་རིང་དངོས་སུ་འབྱོར་བའི་འཐུས་མི་༢༣༣༨ཡོད་ཅེས་ཁྱབ་བསྒྲགས་གནང་ཡོད། 
ཁོང་གིས་ཚོགས་ཆེན་ལ་ཟུར་ཞུགས་གནང་མཁན་ཏང་ཕྱིའི་གྲོགས་པོ་དང་འབྲེལ་ཡོད་འགན་ཁུར་བློ་མཐུན་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་གནང་ཡོད།
          ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་གནང་བའི་སྙན་ཞུ་དེ་ནང་དོན་ཁག་བཅུ་གསུམ་ལ་དབྱེ་ཡོད་པ་སྟེ། དེ་ཡང་གཅིག་ནི་ འདས་ཟིན་པའི་ལོ་ལྔའི་ལས་དོན་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། གཉིས་ནི་ དུས་རབས་གསར་པའི་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི། གསུམ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་བྱ་ཐབས། བཞི་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཟིན་པར་རྒྱལ་ཁ་ཐོབ་པ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་ཚུགས་པ། ལྔ་ནི་ གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བཙུགས་པ། དྲུག་ནི་ མི་དམངས་རང་ཁྱིམ་རང་བདག་ཡོང་བའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་བ། བདུན་ནི་ རིག་གནས་ཡིད་ཆེས་བརྟན་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ། བརྒྱད་ནི་དམངས་ཀྱི་འཚོ་བར་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཆུ་ཚད་མཐོ་རུ་བཏང་བ་དང་སྤྱི་ཚོགས་ཀྱི་བཅོས་སྐྱོང་གསར་སྐྲུན་དང་དེར་ཤུགས་སྣོན་བརྒྱབ་པ། དགུ་ནི་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་གཞི་སྒྱུར་བཅོས་ཇེ་མགྱོགས་སུ་བཏང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ། བཅུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེའི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། བཅུ་གཅིག་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། བཅུ་གཉིས་ནི་ཞི་བའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ། བཅུ་གསུམ་ནི་བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་བཅས་ཡིན་པ་རེད། 
          སྙན་ཞུ་གནང་བའི་བརྒྱུད་རིམ་ནང་ཚོགས་རའི་ནང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་ཡོད་པ་རེད།
          ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་སུམ་སྟོང་ལྷག་ཙམ་གྱིས་འགོ་ཚུགས་མཛད་སྒོའི་རྒྱས་འཛོམས་གནས་ཚུལ་འགོད་སྤེལ་བྱས་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716