ཀྲུང་གོའི་བོད་ལྗོངས་དྲ་བ། > 2017ལོའི་སྐབས་བཅུ་དགུ་པའི་ཆེད་སྒྲིག > པར་རིས་

ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་དང་པོ་ཚོགས་ཡུལ་གནས་མཆོག་མཇལ་བ།

སྐལ་མཆོག་གིས་བསྒྱུར།    发布时间: 2017-11-03 16:12:00    来源:
ཏང་གི་འབད་འཐབ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་བསམ་འདུན་མ་བརྗེད་པ་བྱེད་པ་དང་ཏང་གི་བླ་ན་མེད་པའི་འགན་འཁྲི་འཁུར་ཕོད་པར་བྱས་ནས་ནམ་ཡང་འབད་འཐབ་བྱ་རྒྱུའི་དམ་བཅའ་འཇོག་དགོས་ཞེས་ནན་བཤད་གནང་བ།

          ཟླ་10ཚེས་31ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཀྱི་སྣེ་འཁྲིད་དེ་ཧྲང་ཧའེ་ཡི་ཀྲུང་གུང་ཚོགས་ཆེན་དང་པོ་ཚོགས་ཡུལ་གནས་མཆོག་དང་ཀྲེ་ཅང་ཅ་ཤིང་ནན་ཧུའུ་མཚོ་མོའི་གྲུ་དམར་མཇལ་བ་རེད། འདི་ནི་ཚེས་31ཉིན་གྱི་སྔ་དྲོ་ཧྲང་ཧའེ་ཡི་ཀྲུང་གུང་ཚོགས་ཆེན་དང་པོ་ཚོགས་ཡུལ་གྱི་དྲན་གསོ་ཁང་དུ་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་བློ་མཐུན་གཞན་དག་གི་སྣེ་འཁྲིད་དེ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་གནང་བ།
          ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་དང་ཀྲེ་ཅང་གི་ཅ་ཤིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་ནས་གཟའ་འཁོར་གཅིག་ཀྱང་མ་སོང་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཀྱི་སྣེ་ཁྲིད་དེ་ཚེས་31ཉིན་པེ་ཅིང་ནས་ཧྲང་ཧའེ་དང་ཀྲེ་ཅང་གི་ཅ་ཤིང་དུ་ཆེད་མངགས་ཕེབས་ནས་ཧྲང་ཧའེ་ཡི་ཀྲུང་གུང་ཚོགས་ཆེན་དང་པོ་ཚོགས་ཡུལ་དང་ཀྲེ་ཅང་ཅ་ཤིང་གི་ནན་ཧུའུ་མཚོ་མོའི་གྲུ་དམར་མཇལ་བ་དང་། ཏང་འཛུགས་སྐྱོང་གི་ལོ་རྒྱུས་ཕྱིར་དྲན་གནང་བ། ཏང་ཞུགས་དམ་བཅའ་བསྐྱར་འཇོག་གནང་བ་མ་ཟད། ད་དུང་སྐབས་གསར་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཀྱི་སྲ་ཞིང་བརྟན་པའི་ཆབ་སྲིད་དད་སེམས་ཀྱང་གསལ་སྟོན་གནང་བ་རེད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་སེམས་ལ་བརྟན་པོར་ངེས་པ། ནམ་ཡང་འབད་འཐབ་བྱེད་པ་བཅས་བྱས་ན་གཞི་ནས་ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་ནམ་ཡང་རྒས་མི་སྲིད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ན་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གྲུ་ཆེན་འདི་རླུང་བརྟེན་རླབས་གཤགས་ཀྱིས་འོད་སྟོང་འཕྲོ་བའི་ཕ་མཐར་རྒྱལ་ཁའི་ངང་སླེབས་ངེས་ཡིན་ཞེས་ནན་བཤད་གནང་བ་རེད།
          ཚེས་31ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་སོགས་གནམ་གྲུ་ནས་བབ་མ་ཐག་ཧྲང་ཧའེ་གྲོང་ཁྱེར་ཤིང་ཡེ་ལམ་གྱི་སྒོ་རྟགས་76ནང་ཡོད་པའི་ཀྲུང་གུང་ཚོགས་ཆེན་དང་པོ་ཚོགས་ཡུལ་དུ་ཕེབས་ཤིང་། འགྱུར་ལྡོག་དུ་མ་བྱུང་བའི་རྡོ་སྒོའི་འཛུགས་སྐྲུན་དངོས་པོ་དེ་1952ལོའི་ཟླ་དགུ་པར་ཉམས་གསོ་བྱས་པ་དང་འབྲེལ་ཕྱི་ཕྱོགས་ལ་སྒོ་མོའང་ཕྱེ་ཞིང་། ད་ཆ་དར་རྒྱས་ཆེ་ཞིང་འཁྲུག་ཆ་དོད་པའི་དེང་རབས་ཅན་གྱི་གྲོང་ཁྱེར་དེའི་དབུས་སུ་བརྗིད་ཉམས་ཆེན་པོའི་ངང་གནས་ཡོད། ལོ་96གོང་གི་1921ལོའི་ཟླ་བདུན་པར་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་དེ་གར་འཚོགས་ཤིང་ཚོགས་འདུའི་གྲོས་རིམ་གཙོ་བོ་ནི་ཀྲུང་གོ་གུང་ཁྲན་ཏང་འཛུགས་རྒྱུ་དེ་རེད།
          ཞི་ཅིན་ཕིང་སོགས་ཤིང་ཡེ་ལམ་དུ་རླངས་འཁོར་ནས་བབས་རྗེས་ཞབས་ཐང་མར་ཀྲུང་གུང་ཚོགས་ཆེན་དང་པོ་ཚོགས་ཡུལ་གྱི་དྲན་གསོ་ཁང་དུ་ཕེབས་ཤིང་། ཞི་ཅིན་ཕིང་ཧྲང་ཧའེ་རུ་ཕྱག་ལས་གནང་རིང་དེར་ཐེངས་གསུམ་ཕེབས་མྱོང་ཡོད། དེར་འབྱོར་རྗེས་ཞི་ཅིན་ཕིང་གིས་དང་ཐོག་ཀྲུང་གུང་ཚོགས་ཆེན་དང་པོའི་གྲོས་ཚོགས་ཁང་གནས་ཡུལ་མཇལ་ཞིང་། སྨི་ངོས་གྲུ་18ཡོད་པའི་ཁང་པ་དེ་སྔོན་མ་ཚོགས་འདུ་ཚོགས་པའི་རིང་གི་རྣམ་པ་གཞིར་བཟུང་བཀོད་སྒྲིག་བྱས་ཡོད། ཞི་ཅིན་ཕིང་གིས་ཡུན་རིང་ཅེ་རེར་གཟིགས་རྗེས་ཚོགས་ཡུལ་གནས་མཆོག་དེ་ངེས་པར་དུ་སྲུང་སྐྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས་པའི་བཀའ་མངགས་གནང་བ་རེད། ཞི་ཅིན་ཕིང་གིས་བློ་མཐུན་མའོ་ཙེ་ཏུང་གིས་གནས་འདི་ནི་ཀྲུང་གོ་གུང་ཁྲན་ཏང“སྐྱེ་ཁྲི”ལྟ་བུ་ཡིན་ཞེས་གསུངས་མྱོང་ཡོད། དཔེ་དེ་དངོས་འབྲེལ་འཚམ་པོ་འདུག ངས་བལྟས་ན་དེའང་ང་ཚོ་གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་ཤིག་ཡིན་ཞེས་སེམས་འགུལ་དང་བཅས་གསུངས་པ་རེད།
          དེ་རྗེས་ཞི་ཅིན་ཕིང་སོགས་ཀྱིས་ཀྲུང་གུང་ཚོགས་ཆེན་དང་པོའི་འཐུས་མིའི་འབུར་བརྐོས་གཟུགས་བརྙན་མཇལ་བ་དང《རླབས་ཆེན་གྱི་འགོ་འཛུགས——ཀྲུང་གོ་གུང་ཁྲན་ཏང་འཛུགས་གཏོད་ལོ་རྒྱུས་བཤམས་སྟོན》ཅེས་པར་གཟིགས་སྐོར་གནང་བ་རེད། “སྔ་འགྱེལ་རྗེས་མཐུད། རྒྱལ་ཁབ་སྐྱོབ་གནས”དང་། “དུས་འགྱུར་མཉམ་འཛོམས། མཉམ་དུ་ཏང་འཛུགས”“དཔའ་བོ་ལྷན་འཛོམས། གནམ་ས་སྒོ་འབྱེད”སོགས་བརྗོད་དོན་གཙོ་བོའི་འགྲེམས་ཁུལ་དུ་དངོས་རྫས་དང་པར་རིས་འབོར་ཆེན་བཤམས་པ་དང་ལ་ལར་ད་དུང་འཇིམ་བརྐོས་དང་བྱེ་གཞོང་ཡང་ཡོད། ཞི་ཅིན་ཕིང་གིས་ངོ་སྤྲོད་ཞུས་པ་གསན་ཞོར་དུ་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་འབུར་བརྐོས་ལ་གཟིགས་ཀྱིན་ཀྲུང་གུང་ཚོགས་ཆེན་དང་པོའི་འཐུས་མི་13གྱི་མཚན་རེ་རེ་བཞིན་བགྲངས་ཤིང་། དཔའ་བོ་ཇི་སྙེད་ཅིག་ཐོན་པ་དག་གིས་ཛ་དྲག་གི་འཐབ་རྩོད་ཁྲོད་དཔའ་ངར་ཞུམ་མེད་གནང་བ་དག་ཧ་ལས་ཧང་སངས་བཞིན་དྲན་གསོ་གནང་བ་རེད། ཞི་ཅིན་ཕིང་གིས་ཏང་འཛུགས་པའི་སྐབས་ཀྱི་རིག་དངོས་སྣ་ཁ་རེ་རེ་ཡང་ཧ་ཅང་རྩ་ཆེ་ལ་དམིགས་འདུན་རེ་རེ་ཡང་བསམ་བློ་གཏོང་རིན་ཡོད་པ་ཤ་སྟག་ཡིན། དེས་ན་ང་ཚོས་རྟག་ཏུ་དྲན་གསོ་དང་བསམ་བློ་ཞིབ་ཚགས་བཏང་སྟེ་དེའི་ཁྲོད་ནས་རང་རེའི་ཏང་གི་ཐོག་མའི་བསམ་འདུན་གསལ་པོ་ཤེས་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་སོགས་ཀྱིས་བརྗིད་ཆགས་ལ་ཉམས་དང་ལྡན་པའི་རང་རེའི་ཏང་གི་འབད་འཐབ་ལོ་རྒྱུས་ཀྱི་ལམ་བུ་བསྡུས་པའི་བརྙན་ཐུང《ཕུགས་བསམ་བརྩོན་ལེན》ཞེས་པར་གོམ་པ་སྤོ་མཚམས་བཞག་སྟེ་ནན་ཏན་ངང་གཟིགས་པ་རེད། ཞི་ཅིན་ཕིང་གིས་རང་རེའི་ཏང་གི་ལོ་རྒྱུས་ཚང་མ་ཀྲུང་གུང་ཚོགས་ཆེན་དང་པོ་ནས་འགོ་ཚུགས་པ་ཤ་སྟག་ཡིན། དེས་ན་སླད་ཕྱིན་ང་ཚོས་ལམ་བུ་ག་ཚོད་འགྲིམས་རུང་སྔར་སོང་གི་ལོ་རྒྱུས་བརྗེད་མི་རུང་ཞེས་གསུངས་པ་རེད།
          དྲན་གསོ་ཁང་གི་དམ་འཇོག་ཚོམས་ཆེན་དུ་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་ཧ་ཅང་ཆེན་པོ་ཞིག་བཀལ་ཡོད། ཞི་ཅིན་ཕིང་གིས་ཏང་དར་ལ་ཞལ་ཕྱོགས་ཏེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཚོའི་སྣེ་ཁྲིད་ནས་ལྷན་དུ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་གནང་བ་རེད། ཞི་ཅིན་ཕིང་གི་དམ་འཇོག་སྣེ་ཁྲིད་འོག་གསལ་ཞིང་ཤུགས་དང་ལྡན་པའི་དམ་བཅའ་འཇོག་པའི་བྲག་ཅ་ཚོམས་ཆེན་ཡོངས་སུ་འཁོར་ཏེ་དེ་གར་ཡོད་པའི་མི་ཚང་མར་སེམས་འགུལ་ཚད་མེད་ཐེབས་ནས་དེ་མ་ཉིད་དུ་དྲག་ཆར་རླུང་འཚུབ་ཀྱིས་ཁེངས་པའི་ལོ་རབས་དེར་བསྐྱར་དུ་ལོག་པ་ལྟ་བུའི་ཚོར་སྣང་བྱུང་། ཞི་ཅིན་ཕིང་གིས་ཏང་ཞུགས་དམ་བཅའ་ཡིག་འབྲུ་མང་པོ་མེད་པས་སེམས་ནང་ངེས་སླ་མོད། འོན་ཀྱང་མི་ཚེ་གང་པོར་དམ་བཅའ་བརྟན་སྲུང་བྱེད་དཀའ། ཏང་ཡོན་ཚང་མས་ཏང་ཞུགས་དམ་བཅའ་བློ་ལ་བརྟན་པོར་ངེས་པ་དང་རྟག་ཏུ་དེ་གཞིར་བཟུང་སྟེ་བློ་བརྟན་འགྱུར་མེད་དང་མི་ཚེ་གང་པོར་བརྟན་སྲུང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          དེ་ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་སོགས་ཧྲང་ཧའེ་ནས་མེ་འཁོར་ནང་བཞུགས་ཏེ་ཀྲེ་ཅང་གི་ཅ་ཤིང་གྲོང་ཁྱེར་དུ་ཕེབས་ནས་ཀྲུང་གུང་ཚོགས་ཆེན་དང་པོའི་རྗེས་ཤུལ་མུ་མཐུད་བཙལ་བ་རེད། སྔོན་མ་ཧྲང་ཧའེ་རུ་ཚོགས་བཞིན་པའི་ཀྲུང་གུང་ཚོགས་ཆེན་དང་པོར་ཧྲང་ཧའེ་ཡི་ཧྥ་རན་སེས་བཙན་གཡར་བྱས་པའི་ས་ཆའི་སྐོར་ཞིབ་ཉེན་རྟོག་པའི་རྒོལ་དཀྲུག་གློ་བུར་དུ་ཕོག་པས་འཕྲལ་དུ་ཀྲེ་ཅང་གི་ཅ་ཤིང་ནན་ཧུའུ་མཚོ་མོའི་གྲུ་ཆུང་ཞིག་གི་ཐོག་སྤོས་ཏེ་ཚོགས་ཆེན་མུ་མཐུད་འཚོགས་དགོས་བྱུང་། དེ་ནས་གྲུ་ཐོག་ཏུ་ཚོགས་ཆེན་གྱི་གྲོས་རིམ་ཆ་ཚང་ལེགས་གྲུབ་བྱུང་བ་རེད། དུས་དེ་ནས་བཟུང་གྲུ་དམར་ཞེས་པའི་མིང་བྱུང་ལ་གནམ་འོག་ཏུ་སྐད་གྲགས་ཀྱང་ཆོད།
          དྲོད་འཇམ་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་ནན་ཧུའུ་མཚོ་མོ་ཆུ་རིས་ཤིག་ཤིག་ཏུ་གཡོས་ཤིང་། ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་40ཙམ་ལ་ཞི་ཅིན་ཕིང་དང་བཅས་པ་དེ་གར་ཕེབས་འབྱོར་ཟིན་པ་དང་། ཞི་ཅིན་ཕིང་དང་བཅས་པ་མཚོ་ཁར་ཕེབས་ནས་གྲུ་གཟིངས་དམར་པོར་གཟིགས་པ་དང་སྦྲགས། གྲུ་གཟིངས་དེ་སྤྱད་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སོགས་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཞི་ཅིན་ཕིང་གིས་བསྟན་དོན། གྲུ་དམར་ཆུང་ཆུང་འདིའི་ཐོག་ཀྲུང་གོའི་གསར་བརྗེའི་ས་བོན་བཏབ་ནས་ཀྲུང་གོ་གུང་ཁྲན་ཏང་གི་དུས་རབས་བརྒལ་བའི་མཚོ་ཐོག་འགྲུལ་བཞུད་འགོ་བརྩམས་པ་རེད།
          ནན་ཧུའུ་མཚོ་མོ་ནས་ཞལ་གྱེས་རྗེས་ཞི་ཅིན་ཕིང་དང་བཅས་པ་ནན་ཧུའུ་མཚོ་མོ་གསར་བརྗེའི་དྲན་གསོ་ཁང་དུ་ཕེབས་ནས་གཟིགས་སྐོར་གནང་ཞིང་། དྲན་གསོ་ཁང་དེའི་རྩིག་རྨང་ནི་2006ལོའི་ཟླ་6ཚེས་28ཉིན་སྐབས་དེའི་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཏིང་བ་དང་། 2011ལོར་ཏང་དབུ་བརྙེས་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་སྔ་ཉིན་དུ་ལེགས་གྲུབ་བྱུང་ནས་སྒོ་མོ་ཕྱེ་བ་རེད།
          དྲན་གསོ་ཁང་གི་ཁྱམས་སྒོར་ནང་དུ། ཧ་ཅང་གསོན་ཉམས་ལྡན་པའི་གྲུ་གཟིངས་དམར་པོ་བརྐོས་མ་དང་བཀྲག་མདངས་འཚེར་བའི་ཟོར་བ་དང་ཐོ་བའི་བརྐོས་རིས་ཆེན་པོ་ལས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོའི་སྣེ་ཁྲིད་དེ་རླབས་གཤགས་མདུན་སྐྱོད་བྱེད་པ་མཚོན་གྱི་ཡོད། ཞི་ཅིན་ཕིང་དང་བཅས་པ་དེ་ནས“གནམ་ས་སྒོ་འབྱེད”བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་ཁང་དུ་ཕེབས་ནས། “རྒྱལ་ཁབ་སྐྱོབ་ལམ་འཚོལ་ཞིབ”དང“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ”སོགས་ཀྱི་ཆེད་དོན་འགྲེམས་སྟོན་ལ་སྔ་རྗེས་སུ་གཟིགས་པ་དང་། དེ་གར་འགྲེམས་སྟོན་བྱས་པའི་ཅ་ལག་དང་པར་རིས་དང་། ཧྲང་ཧའེ་རུ་ཡོད་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་ཡུལ་དྲན་གསོ་ཁང་གི་འགྲེམས་དངོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ལོ་རྒྱུས་ཧྲིལ་པོ་གསལ་པོ་མཚོན་ཡོད་པ་རེད། ཞི་ཅིན་ཕིང་གིས་མཚམས་མཚམས་སུ་རྒྱུན་ཨུ་བློ་མཐུན་གཞན་དག་ཚོ་དང་སྤེལ་རེས་གནང་ཞིང་། ཁོང་གིས་གསུངས་དོན། དྲན་གསོ་ཁང་གི་རྩིག་རྨང་བཏིང་བའི་དུས་དེ་ནས་བཟུང་། ལེགས་གྲུབ་བྱུང་རྗེས་ལྟ་སྐོར་ཞིག་བྱེད་དགོས་བསམ་མོད། དེ་རིང་གཞི་ནས་བསམ་དོན་འགྲུབ་སོང་། ངོ་མ་སློབ་གསོ་དང་སྐུལ་མ་ཆེན་པོ་ཐེབས་བྱུང་། ཀྲེ་ཅང་དུ་ལས་ཀ་བྱེད་རིང་། ངས་སྔོན་ཆད“གྲུ་དམར་སྙིང་སྟོབས”དེ་གནམ་ས་སྒོ་འབྱེད་དང་སྔོན་དུ་བྱེད་ཕོད་པའི་གསར་གཏོད་སྙིང་སྟོབས་དང་། ཕུགས་བསམ་བརྟན་དུ་བཏང་ནས་ལན་བརྒྱ་ཕམ་ཡང་ཡིད་ཐང་མི་ཆད་པར་འབད་འཐབ་ལྷོད་མེད་བྱེད་པའི་སྙིང་སྟོབས། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་ལྷག་བསམ་ཟོལ་མེད་བྱེད་པའི་ལེགས་སྐྱེས་སྙིང་སྟོབས་བཅས་གསུམ་དུ་ཕྱོགས་སྡོམ་བྱས་པ་ཡིན། ང་ཚོས་དུས་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས“གྲུ་དམར་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་དགོས།
          གཟིགས་སྐོར་གྲུབ་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། ང་ཚོ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་བློ་མཐུན་ཚང་མ་ད་རེས་མཉམ་དུ་ཕྱིར་བསྐྱོད་དོན་ནི་རང་རེའི་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་དང་ལྷག་པར་དུ་ཏང་འཛུགས་དུས་ཀྱི་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ནས། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་མྱོང་བ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བླ་ན་མེད་པའི་སྙིང་སྟོབས་སློབ་སྦྱོང་གིས་སོ་སོའི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་ཆེན་པོ་བློ་ལ་གསལ་པོ་ངེས་པར་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་ཆེད་ཡིན་ཞེས་གསུངས།
          ཞི་ཅིན་ཕིང་གིས་བསྟན་དོན། ཧྲང་ཧའེ་རུ་ཡོད་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ཚོགས་ཡུལ་དང་། ཅ་ཤིང་ནན་ཧུའུ་མཚོ་མོའི་གྲུ་དམར་ནི་རང་རེའི་ཏང་གི་ཕུགས་འདུན་ཐོག་མར་མངོན་འགྱུར་བྱ་ཡུལ་ཡིན། རང་རེའི་ཏང་འདི་ནས་དབུ་བརྙེས་ཤིང་འདི་ནས་འགོ་བརྩམས་ཏེ་རྒྱལ་ཡོངས་ཀྱི་སྲིད་བསྐྱངས་བ་ཡིན་པས། འདི་ག་ནི་རང་རེའི་ཏང་གི་རྩ་བ་ཡིན།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ལས་གང་ཐོག་མར་སྒྲུབ་སླ་མོད། ནམ་གཞུག་སྐྱོང་བར་དཀའ་ཚེགས་ཆེ”བགྲང་བྱ་96ཚུན་དུ་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་ང་ཚོ་སྤོབས་པ་སྐྱེ་འོས་པ་ཞིག་ཡོད། དེ་དང་ཆབས་ཅིག བྱ་གཞག་འཕེལ་རྒྱས་གཏོང་བར་ཚར་དུས་མེད་པས། གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་ལ་འགྱུར་བ་གཏོང་མི་རུང་། ཐོག་མའི་བསམ་འདུན་མ་བརྗེད་ཚེ། གཞི་ནས་ལོ་རྒྱུས་དང་སྔོན་བྱོན་པར་ཐུགས་བདེ་ཞུ་ཐུབ་པ་དང་། དམངས་སེམས་འགུག་པ་དང་དུས་རབས་ཀྱི་རྒྱལ་ཁ་ལེན་ཐུབ་པ། གང་བྱས་ལམ་འགྲོ་རྒྱུག་པ་དང་ཞུམ་མེད་མདུན་སྐྱོད་བྱེད་ཐུབ་པ་བཅས་ཡོང་ངེས།
          ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་ཚད་དང་ལས་འགན་གྱི་འཆར་གཞི་ལེགས་པར་འཁོད་ཟིན་པས། ཏང་ཡོངས་ཀྱི་བློ་མཐུན་ཚོས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་དོན་ངེས་པར་དུ་མཐའ་འཁྱོངས་བྱས་ནས། མི་དམངས་ཀྱི་སྣེ་འཁྲིད་དེ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་རྒྱུན་ཆད་མེད་པར་གཏོད་པ་དང་། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་བློ་ལ་བརྟན་པོར་ངེས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བརྟན་པོ་བཙུགས་ནས། གོམ་སྟབས་བརྟན་པོས་མཛེས་སྡུག་ལྡན་པའི་མ་འོངས་དང་ཕུགས་བསམ་ཆེ་ཤོས་ཕྱོགས་སུ་མདུན་སྐྱོད་བྱེད་པ། ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་གཟབ་ནན་དང་ཁེངས་དྲེགས་ངང་ཐུང་མེད་པའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ནས། དཀའ་ཚེགས་ལ་མགོ་བོ་མི་སྒུར་བ་དང་འཆི་རྒྱུར་མི་སྐྲག་པར“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཕྱིར་འབད་འཐབ་ལྷོད་མེད་བཅས་བྱེད་དགོས།
          ཞལ་གྱེས་ཁར་ཞི་ཅིན་ཕིང་གིས་དྲན་གསོ་ཁང་གི་ལས་དོན་པར་བྱམས་བརྩེའི་ངང་ཕྱག་གཏོང་གནང་མཛད་ནས། ཚང་མས་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལས་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་བླངས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ཐད་རྒྱུན་ཆད་མེད་པར་ལེགས་སྐྱེས་འབུལ་བ་དང་དུས་མཚུངས། རང་ཉིད་ཀྱི་མི་ཚེའི་ལེའུ་གང་ལེགས་རྩོམ་དགོས་པའི་ལྕག་སྐུལ་ཡང་གནང་བར། ཚང་མས་སྤྲོ་སེམས་འཁོལ་བའི་ཐལ་མོ་ཡུན་རིང་བརྡབས་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716