ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བ་མགྱོགས་མྱུར་འཕེལ་བའི་དུས་རིམ་དུ་སླེབས་པར་བརྗོད་པ།
2017-01-19 09:08:00 | རྩོམ་པ་པོ།: རླུང་གཞོན། | ཡོང་ཁུངས།: ཀྲུང་གོའི་བོད་ལྗོངས་དྲ་བ།

  ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། ཀྲུའུ་ཞི་ཞིས་ཅིན་ཕིང་ཟླ1པོའི15ཉིན་ནས་ཚེས18ཉིན་བར་སུའེ་ཙེར་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་དང་། ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2017ལོའི་ལོ་ཚོགས་ལ་ཞུགས་རྒྱུ་མ་ཟད་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་ལ་འཚམས་འདྲི་གནང་རྒྱུ་རེད། སུའེ་ཙེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་པ་ཆེན་མོ་ཀེང་ཝུན་པེན་གྱིས་ཉེ་ཆར་ཀྲུའུ་ཞི་ཞིས་ཅིན་ཕིང་མི་འགྱངས་བར་སུའེ་ཙེར་ལ་རྒྱལ་དོན་གྱི་འཚམས་འདྲི་གནང་རྒྱུ་དང་ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བའི་དངོས་བབ་ཐད་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་པ་རེད།

ཀྲུང་གོ་དང་སུའེ་ཙེར་གྱིས་འབྲེལ་བ་འཛུགས་སྐབས་ཀྱི་དཔྱད་ཡིག

  གཞུང་ཚབ་པ་ཆེན་མོ་ཀེང་གིས། ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བར་ལོ་ངོ60ལྷག་གི་ཉམས་མྱོང་བརྒྱུད་ཡོད་པ་དང་། མིག་སྔར་མགྱོགས་མྱུར་འཕེལ་བའི་དུས་རིམ་དུ་སླེབས་ཡོད་པ་རེད། ལྷག་པར་ཉེ་ལམ་ལོ་ཤས་རིང་། རྒྱལ་ཁབ་གཉིས་ཀྱིས་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་དང་། ཕན་ཚུན་བར་ཕྱི་འབྲེལ་མི་སྣའི་་ཕྱིར་སྐྱོད་འཛིན་ཡིག་མེད་པར་བཟོས་པ། དངུལ་རྩའི་མཉམ་ལས་སོགས་ཐད་ཀྲུང་གོ་དང་ཡོ་རོབ་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཡོད་ཅེས་བསྟན་བ།

  སུའེ་ཙེར་གྱིས་སྤྱི་ལོ1950ལོའི་ཟླ9པའི་ཚེས14ཉིན་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པ་ཡིན་ལ། ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་གྲས་ཀྱི་གཅིག་རེད། དུས་རབས་སྔོན་མའི་ལོ་རབས80པའི་དུས་འགོར། ཀྲུང་གོ་དང་སུའེ་ཙེར་གྱིས་མཉམ་ལས་ཐད་ཀྲུང་གོར་བཟོ་ལས་རང་བཞིན་གྱི་མ་རྩ་མཉམ་འཇོག་ཁེ་ལས་ཐོག་མ་བཙུགས་པ་དང་། 2007ལོར་སུའེ་ཙེར་གྱིས་ཡོ་རོབ་ཀྱི་རྒྱལ་ཁབ་དག་གི་ཁྲོད་ཀྲུང་གོའི་ཕྱོགས་ཡོངས་ནས་ཁྲོམ་རའི་དཔལ་འབྱོར་གནས་བབ་ཐོག་མར་ཁས་ལེན་གནང་པ་དང་མཉམ་དུ2013ལོར་སུའེ་ཙེར་རྒྱལ་ཁབ་འདི་ཉིད་འཛམ་གླིང་དཔལ་འབྱོར་གྱི་སྟོབས་ལྡན་པ20 དང་ཡོ་རོབ་སྐམ་ས་ཆེན་པོའི་ཁྲོད་ཀྲུང་གོ་དང་རང་མོས་ཚོང་དོན་གྲོས་མཐུན་ལ་མིང་རྟགས་འགོད་མཁན་རྒྱལ་ཁབ་ཐོག་མ་དེར་ཆགས་ཡོད་པ་རེད། དུས་མཚུངས་སུ་སུའེ་ཙེར་ནི་ཨེ་ཤེ་ཡའི་མ་འཇོག་དངུལ་ཁང་ནང་ཞུགས་མཁན་ཡོ་རོབ་གསར་གཏོད་ཁོངས་མིའི་རྒྱལ་ཁབ་གྲས་ཀྱི་གཅིག་རེད། ཀྲུང་གོ་དང་སུའེ་ཙེར་འབྲེལ་བ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཡོ་རོབ་མ་ཟད་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་བའི་མདུན་གྲལ་དུ་སྐྱོད་དེ་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་བའི“ སྔོན་སྐྱོད་པ” དང་“སྣེ་འདྲེན་པ” ལྟ་བུར་ཆགས་ཡོད་པ་རེད།
  གསར་གཏོད་ནི་ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བའི་ཁྱད་ཆོས་གཙོ་བོ་དང་འབུར་དུ་ཐོན་ས་རེད།

  གསར་གཏོད་ནི་ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བའི་ཁྱད་ཆོས་གཙོ་བོ་དང་འབུར་དུ་ཐོན་ས་རེད། ན་ནིང་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཐུན་མོང་ཐོག་གསར་གཏོད་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ཁྱབ་བསྒྲགས་གནང་པས་ན། སུའེ་ཙེར་ནི་ཀྲུང་གོས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ“གསར་གཏོད”མཚོན་རྟགས་སུ་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་མཁན་ཐོག་མ་དེ་ཆགས་པ་རེད། མིག་སྔར། སུའེ་ཙེར་ནི་ཀྲུང་གོའི་ཡོ་རོབ་ཀྱི་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་དྲུག་པ་དང་ཀྲུང་གོ་ནི་སུའེ་ཙེར་གྱི་ཨེ་ཤེ་ཡའི་ཚོང་དོན་རོགས་ཟླ་ཆེ་ཤོས་དེ་ཡིན་པ་དང་། ཀྲུང་གོ་དང་སུའེ་ཙེར་ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་ད་རེས་ཀྱི་འཚམས་འདྲི་ནི་དཔལ་འབྱོར་ཉོ་ཚོང་དང་། ནུས་ཁུངས། ཡུལ་སྐོར།  རིག་གནས་སོགས་ཁྱབ་ཁོངས་ཁག་ཏུ་གྲུབ་འབྲས་གསར་པ་འཇོག་ཐུབ་པར་རེ་སྒུག་བྱེད་ཀྱི་འདུག
  སུའེ་ཙེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་པ་ཆེན་མོ་ཀེང་ཝུན་པེན་གྱིས། ཞིས་ཅིན་ཕིང་གིས་སུའེ་ཙེར་འཚམས་འདྲི་གནང་རིང་། རྒྱལ་ཁབ་གཉིས་ཀྱིས་རིག་གནས་དང་། འགག་སྒོ ནུས་ཁུངས། ཡུལ་སྐོར། རང་མོས་ཚོང་དོན་སོགས་ཐད་ཀྱི་མཉམ་ལས་ལ་གྲོས་མཐུན་དང་གསལ་བསྒྲགས་རབ་དང་རིམ་པར་མིང་རྟགས་འགོད་པ་དང་། གསར་གཏོད་མཉམ་ལས་ཀྱི་ལམ་སྲོལ་འཛུགས་པ། རིག་ནུས་བཟོ་སྐྲུན། ཚན་རྩལ་མཉམ་ལས། ཁོར་ཡུག་ལ་གནོད་པ་མེད་པ།  ཞིང་ཆེན་དང་ཁུལ་གྱི་མཛའ་བརྩེའི་འབྲེལ་བ་འཛུགས་རྒྱུ་སོགས་ཁྱབ་ཁོངས་མང་པོར་གྲུབ་འབྲས་གསར་པ་འཇོག་ཐུབ་པའི་རེ་ཡོད་པ་རེད།
  སྣེ་ལེན་གྱི་ཚད་གཞི་ནི་སུའེ་ཙེར་གྱི་ལོ་རྒྱུས་ཐོག་མཐོ་ཤོས་སུ་གྱུར་ཡོད།
  གཞུང་ཚབ་པ་ཆེན་མོས་ཀེང་ཝུན་པེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སུའེ་ཙེར་ཕྱོགས་ཀྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སུའེ་ཙེར་དུ་རྒྱལ་དོན་འཚམས་འདྲི་གནང་པར་མཐོང་ཆེན་གང་ལེགས་གནང་འདུག་སྟེ། མགྲོན་བསུའི་བཀོད་སྒྲིག་མང་པོ་ནི་སུའེ་ཙེར་གྱི་མགྲོན་བསུའི་གོམས་སྲོལ་ལས་བརྒལ་ཡོད་པ་རེད། ཀྲུའུ་ཞི་ཞིས་ཅིན་ཕིང་འཚམས་འདྲིར་མ་ཕེབས་གོང་། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཀྱི་ཀྲུའུ་ཞི་དང་དེ་བཞིན་རྒྱལ་ཕྲན་མཉམ་འབྲེལ་གྱི་ཨུ་ཡོན་གྱིས་སྣེ་ལེན་ཇུས་གཞིར་ཆེད་དུ་གྲོས་བསྡུར་ཐེངས་མང་བྱས་པ་དང་འབྲེལ་ཞིབ་ཚགས་ལྡན་པའི་བཀོད་སྒྲིག་གནང་ཡོད་པ་རེད། དེ་སྔོན། སུའེ་ཙེར་གྱིས་རྒྱལ་དོན་འཚམས་འདྲི་སྣེ་ལེན་བྱེད་ཡུན་སྤྱིར་བཏང་ཉིན་གཉིས་རེད་མོད། ད་རེས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སུའེ་ཙེར་གྱི་རྒྱལ་དོན་འཚམས་འདྲི་ནི་ཉིན་བཞིར་སླེབས་ཡོད་པས་། སུའེ་ཙེར་གྱིས་རྒྱལ་དོན་འཚམས་འདྲི་སྣེ་ལེན་པའི་ལོ་རྒྱུས་ཀྱི་ཟིན་བྲིས་གསར་པར་སླེབས་ཡོད་པ་རེད།