སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ལའོ་ཡུས་ཐུའེ་ཧྭ་ཏེ་ལ་ཆེད་དུ་བཅར་འདྲི་བྱས་པ།
2017-01-19 10:50:00 | རྩོམ་པ་པོ།: དཔལ་ཆེན་གྱིས་བསྒྱུར། | ཡོང་ཁུངས།: ཀྲུང་གོའི་བོད་ལྗོངས་དྲ་བ།

  

  སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཏོ་ལིས་སི.ལའོ་ཡུས་ཐུའེ་ཧྭ་ཏེ་ཡིས་བསྟན་་རྒྱུར། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཁོ་མོ་གཉིས་ལ་གཅིག་མཐུན་གྱི“རིན་ཐང་ལྟ་བ་དང་འདུ་ཤེས”ཡོད་པ་སྟེ། སྒོ་འབྱེད་དང་གུ་ཡངས་ཡོད་ན་ད་གཟོད་གོ་ལ་ཧྲིལ་བོའི་དཔལ་འབྱོར་དར་ངེས་ཡིན།
  སུའེ་ཙེར་རྒྱལ་ཁབ་ཀྱི་རྒྱལ་ས་པེར་ནེ་ནས་ལའོ་ཡུས་ཐུའེ་ཧྭ་ཏེ་ལ་ཀྲུང་གོ་ཉིན་རེའི་ཚགས་པར་ཁང་གིས་ཆེད་དུ་བཅར་འདྲི་བྱེད་སྐབས་ཁོ་མོས། “སྒོ་འབྱེད་དང་སྒོ་འབྱེད་ཀྱི་དཔལ་འབྱོར་སྒྲིག་གཞི་ཡིས་སྔར་བས་བཟང་པོའི་གྲུབ་འབྲས་བསྐྲུན་ངེས་ཡིན། ད་ལྟ་གོ་ལ་ཧྲིལ་བོ་ཅན་ནི་བྱོལ་ཐབས་བྲལ་བའི་འཕེལ་ཕྱོགས་རེད”ཅེས་གསུང་།
  ཁོ་མོས“ང་ཚོས་ཉོ་འཚོང་གི་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། ཞིས་ཀྲུའུ་ཞི་ལའང་གཅིག་མཚུངས་ཀྱི་རིན་ཐང་ལྟ་བ་དང་འདུ་ཤེས་ལྡན”ཞེས་གསུང་། ཁོ་མོས་བསྟན་རྒྱུར། ཞིས་ཀྲུའུ་ཞི་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་སྣེ་ལེན་བྱེད་ཐུབ་པ་དེ་ནི “ཧ་ཅང་གཟི་བསོད་ལྡན་པ་དང་ཧ་ཅང་དགའ་སྤྲོ་སྐྱེས་པ”ཞིག་རེད། དེར་མ་ཟད་ད་རུང་གསུང་རྒྱུར། ཚེས15ཉིན་ནས་ཚེས18ཉིན་བར་ཞིས་ཀྲུའུ་ཞི་ཡིས་སུའེ་ཙེར་རུ་འཚམས་འདྲི་བྱེད་སྐབས། སུའེ་ཙེར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་གོ་ལ་ཧྲིལ་བོ་མཉམ་ལས་བྱེད་པ་དང་བཀག་སྡོམ་རང་བཞིན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱེད་པའི་ནན་བཤད་སྒྲོག་རྒྱུ་ཡིན་པ་དང་།“ངས་བལྟས་ན་རྒྱལ་ཁབ་མང་པོ་ཞིག་གིས་ང་ཚོའི་ལྟ་བར་བསྟོད་པ་བྱེད་ངེས་ཡིན་ལ། ཁོ་ཚོས་ཀྱང་མཉམ་ལས་ནི་སྒེར་བཙུགས་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལས་བཟང་པ་ཤེས”ཞེས་གསུང་། 
  ཉིན་རེའི་ལས་རིམ་ལྟར་ན། ཞིས་ཀྲུའུ་ཞི་ ཏཱ་ཝོ་སི་ནས་འཚོགས་རྒྱུ་ཡིན་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སུ་ཞུགས་རྒྱུ་རེད། ཁོང་ནི་གླེང་སྟེགས་དེར་ཞུགས་པའི་ཀྲུང་གོའི་ཀྲུའུ་ཞི་ཨང་དང་པོ་རེད། སུའེ་ཙེར་ལ་འཚམས་འདྲི་བྱེད་སྐབས་ཁོང་ད་རུང་རྒྱལ་སྤྱིའི་རྩ་འཛུགས་ཁ་ཤས་ལའང་འཚམས་འདྲི་བྱེད་རྒྱུ་རེད། 
     ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་བར་གྱི་ཉོ་འཚོང་གྲོས་འཆམ་གྱི་རིམ་པ་སྤར་བ་ཁྱབ་སྒྲོག་བྱེད་རྒྱུ་རེད། གྲོས་འཆམ་དེ2014ལོའི་ཟླ7པ་ནས་བཀོལ་སྤྱོད་བྱས་པ་ཡིན་ལ། རྒྱལ་ཁབ་བར་གྱི་ཉོ་འཚོང་གི་དངུལ་ཁྲལ་ཆེ་ཆེར་ཇེ་དམར་བཏང་ཡོད།  
  ལའོ་ཡུས་ཐུའེ་ཧྭ་ཏེ་ཡིས་བསྟན་རྒྱུར།  སྔར་བས་རྒྱལ་ཁབ་བར་གྱི་ཉོ་འཚོང་སྟབས་བདེར་བཟོ་ཆེད། རྒྱལ་ཁབ་གཉིས་ཀྱིས་ལྷག་མའི་དངུལ་ཁྲལ་ཆེ་ཆེར་ཇེ་དམར་གཏོང་རྒྱུ་ཡིན།  “ང་ཚོས་སྔར་ཡོད་ཀྱི་ཡར་ཐོན་ཁོང་གསེང་ལ་དོ་སྣང་བྱས་ཏེ། ང་ཚོའི་ཉོ་འཚོང་ རང་དབང་གི་མཛའ་མཐུན་འབྲེལ་བ་སྔར་བས་རིམ་པ་སྤར་རྒྱུའི་ཐག་གིས་བཅད་ཡོད།”
  ཁོ་མོས་དུས་མཚུངས་སུ་བསྟན་རྒྱུར།  གོ་ལ་ཡོངས་ཀྱི་དངུལ་རྩ་ཚོང་ཁྲོམ་ཨང་བདུན་པ་ཡིན་པའི་སུའེ་ཙེར་རྒྱལ་ཁབ་ལའང་གོ་ལ་ཧྲིལ་བོའི་དངུལ་རྩའི་ཚོང་ཁྲོམ་བརྟན་འཇགས་མིན་པའི་ཤུགས་རྐྱེན་ཐེབས་ཡོད།“འགྲན་སློང་འདི་དག་ལ་ཅི་ལྟར་ཁ་གཏོད་བྱེད་པའི་སྐོར་ནས་ང་ཡིས་ཞིས་ཀྲུའུ་ཞི་ཡི་ལྟ་བར་མཉན་འདོད་ཡོད།” 
  ལའོ་ཡུས་ཐུའེ་ཧྭ་ཏེ་ཡིས་དངུལ་རྩ་ལྟེ་གནས་ཆེན་མོ་གཉིས་ཡིན་པའི་རི་ནེ་ཝ་དང་སུའུ་ལིས་ཧྲི་གཉིས་ནས་ཀྲུང་གོ་ནས་ཐོན་པའི་དངུལ་ཁང་དང་དངུལ་རྩ་ལས་ཁུངས་སྔར་བས་མང་པོ་འགུགས་འདོད་ཡོད་ཅེས་གསུང་།  ཁོ་མོས་ཁ་གསབ་ཀྱིས་ཚུལ་དུ།“འགྲན་རྩོད་ཡོད་ན་དོན་བཟང་ཡིན་ལ། ང་ཚོས་ཀྲུང་གོ་དངུལ་ཁང་གིས་སུའེ་ཙེར་རྒྱལ་ཁབ་ལ་མ་དངུལ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད”ཅེས་གསུང་། 
  ཞིས་ཀྲུའུ་ཞི་ཡིས་འཚམས་འདྲི་གནང་སྐབས། ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་བར་གྱི་མཉམ་ལས་གྲོས་འཆམ་ཁ་ཤས་ལ་གན་རྒྱ་འཇོག་རྒྱུ་རེད།  དེའི་ནང་དངུལ་རྩ་མཉམ་ལས་ནི་གཙོ་བོ་རེད།  ལའོ་ཡུས་ཐུའེ་ཧྭ་ཏེ་ཡིས།  ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀྱིས་ཐོན་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་པ་དང་།  དོན་དེའང་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་ཁོར་ཡུག་གནད་དོན་ལ་ཁ་གཏོད་བྱེད་པའི་གྲོས་འཆམ་ནང་དུ་འབྲི་རྒྱུ་ཡིན་ཞེས་གསུང་། 
  ཁོ་མོས། “ཀྲུང་གོའི་ཁོར་ཡུག་གནད་དོན་ཅུང་ཚབས་ཆེན་ཡིན་པ་ངས་ཤེས་ཡོད་པས། ང་ཚོས་ནུས་ཁུངས་དང་ཁོར་ཡུག་མཉམ་ལས་བྱེད་པའི་ཕྱོགས་སུ་རྒྱ་བསྐྱེད་ནས་ང་ཚོའི་ཉམས་མྱོང་དང་ལག་རྩལ་ལོངས་སྤྱོད་བྱེད་ཐུབ་པའི་རེ་བ་ཡོད”ཅེས་གསུང་།  ཁོ་མོས་བསྟན་རྒྱུར། ཀྲུང་གོའི་གྲོང་ཁྱེར་ཁ་ཤས་སུ་ད་རུང་རྡོ་སོལ་བུད་ནས་གློག་བཏོན་ཏེ་དྲོད་འདོན་བྱེད་བཞིན་ཡོད་རུང་། འོན་ཀྱང་།  ད་ལྟ་དྲོད་འདོན་བྱེད་ཐབས་འཐུས་ཚབ་བྱེད་པའི་རིན་གོང་འོས་འཚམ་གྱི་ལག་རྩལ་ཡོད།“དེ་ནི་མ་རྩ་དང་འབྲེལ་བ་མེད་ལ།  གནད་དོན་གྱི་གནད་འགག་ནི་འགྱུར་ལྡོག་དང་འཚམ་དགོས་པ་དེ་ཡིན།”
  ལའོ་ཡུས་ཐུའེ་ཧྭ་ཏེ་ཡིས་སྔོན་དཔག་བྱས་པ་ལྟར་ན།  ཀྲུང་གོས་སྦག་བཙོག་བཅོས་སྐྱོང་བྱེད་པ་དང་རླུང་ཁམས་ཆེན་མོའི་སྦག་བཙོག་བཅོས་སྐྱོང་བྱེད་པའི་ཕྱོགས་ནས་སྔོན་དཔག་བྱས་པ་ལས་ད་རུང་དེ་ལས་མགྱོགས་པའི་འཕེལ་རིམ་བྱུང་བའི་གྲུབ་འབྲས་ལོན་རྒྱུ་རེད།  ཁོ་མོས་ཕྱིར་དྲན་བྱས་ནས་བསྟན་རྒྱུར།  སུའེ་ཙེར་རྒྱལ་ཁབ་ཀྱང་སྔོན་ཆད་བཟོ་ལས་ཅན་དུ་བསྐྱོད་པའི་ཁྲོད་དུ་རིགས་མཚུངས་ཀྱི་གནད་དོན་ལ་འཕྲད་མྱོང་རུང་། འོན་ཀྱང་ལོ་ངོ40ནས50ཡི་ནང་དུ་ད་གཟོད་གནད་དོན་འདི་དག་བཅོས་སྐྱོང་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས་པ་ཡིན།  
  རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ2017ལོ་ནི་ཀྲུང་གོ་དང་སུའེ་ཙེར་གྱི་ཡུལ་སྐོར་ལོ་ཡིན་པ་ཁྱབ་སྒྲོག་བྱེད་རྒྱུ་རེད།  ལའོ་ཡུས་ཐུའེ་ཧྭ་ཏེ་ཡིས་བསྟན་རྒྱུར།   ཀྲུང་གོའི་འབྱོར་འབྲིང་གྲལ་རིམ་ལ་མུ་མཐུད་དུ་སྟོབས་ཤུགས་རྒྱས་བཞིན་ཡོད། ཀྲུང་གོ་པ་མང་པོ་ཞིག་སུའེ་ཙེར་ལ་ཡུལ་སྐོར་བྱེད་དུ་ཡོང་ངེས་ཡིན་པར་མ་ཟད།  ཡུལ་སྐོར་བྱེད་པའི་དུས་ཡུན་ཀྱང་སྔར་བས་རིང་ངེས་ཡིན། ཁོ་མོས།“ང་ཚོས་ཀྲུང་གོ་པས་སུའེ་ཙེར་ནས་ཡུལ་སྐོར་བྱེད་སྐབས་དུས་ཚོད་འཁོར་ལོ་ཉོ་བ་མཐོང་ན་དགའ་སྤྲོ་སྐྱེས་ངེས་ཡིན”ཞེས་གསུང་།  
    ལའོ་ཡུས་ཐུའེ་ཧྭ་ཏེ་ན་ནིང་གི་ཟླ8པར་ཀྲུང་གོར་འཚམས་འདྲིར་ཐོན་པ་ཡིན།  ད་ལོའི་ལོ་འགོར། ཁོ་མོས་ཡེ་ཧན.ཧྲི་ནེ་ཏེ་ཨ་མན་གྱི་ལག་ནས་སུའེ་ཙེར་མཉམ་འབྲེལ་རྒྱལ་ཕྲན་གྱི་ཀྲུའུ་ཞི་ཡི་འགན་དང་ལེན་བྱས་པ་ཡིན། སུའེ་ཙེར་མཉམ་འབྲེལ་རྒྱལ་ཕྲན་ཨུ་ཡོན་ལྷན་ཚོགས་ནི་སུའེ་ཙེར་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་སྲིད་འཛིན་ལས་ཁུངས་ཡིན་ལ། ཨུ་ཡོན7ལས་གྲུབ་པ་ཡིན། ཨུ་ཡོན་སོ་སོར་འདྲ་མཉམ་གྱི་གོ་གནས་དང་དབང་ཆ། འོས་འགན་བཅས་ཡོད། ཨུ་ཡོན་དེ་དག་ནི་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱིས་བདམས་པ་ཡིན་ལ། སྐབས་རེའི་འགན་འཁུར་ཡུན་ལོ་ངོ4ཡིན། ཨུ་ཡོན་རེ་རེས་སོ་སོར་སུའེ་ཙེར་མཉམ་འབྲེལ་རྒྱན་ཕྲན་སྲིད་གཞུང་གི་སྡེ་ཁག7གྱི་པུའུ་ཀྲང་གི་འགན་འཁུར་ཡོད། མི7པོ་འཁོར་རེས་བྱས་ཏེ་མཉམ་འབྲེལ་རྒྱལ་ཕྲན་ཀྲུའུ་ཞི་ཡི་འགན་འཁུར་དགོས་ལ་འགན་འཁུར་ཡུན་ལོ་ངོ1རེ་རེད། 
  ན་ནིང་གི་ཟླ4པར། ཧྲི་ནེ་ཏེ་ཨ་མན་གྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་གནང་བ་རེད། ཁོ་དང་ཞིས་ཀྲུའུ་ཞི་གཉིས་མཇལ་འཕྲད་གནང་སྐབས། ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་འཐབ་ཇུས་གསར་བའི་མཛའ་མཐུན་འབྲེལ་བ་འཛུགས་པར་འཐད་པ་བྱུང་། ཧྲི་ནེ་ཏེ་ཨ་མན་གྱིས་བསྟན་རྒྱུར། མཛའ་མཐུན་འབྲེལ་བ་འདི་བཙུགས་ཏེ་ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་སྒུལ་ཤུགས་གསར་བ་བསྩལ་ངེས་ཡིན།  
  ཧྲི་ནེ་ཏེ་ཨ་མན་གྱིས་ཀྲུང་གོར་འཚམས་འདྲིར་གནང་སྐབས། སུའེ་ཙེར་ནི་ཀྲུང་གོའི་མཉམ་ལས་ནང་རྐྱེན་གྱི་ཡོ་རབ་དབུས་ཤར་རྒྱལ་ཁབ16པོའི་ལྟ་རྟོག་པའི་རྒྱལ་ཁབ་ཏུ་གྱུར་བ་རེད།  ལའོ་ཡུས་ཐུའེ་ཧྭ་ཏེ་ནི1963ལོར་སྐྱེས་པ་དང་། 2010ལོར་སུའེ་ཙེར་མཉམ་འབྲེལ་རྒྱལ་ཕྲན་གྱི་སྲིད་འཛིན་གྱི་འགན་འཁུར་བ་ཡིན།  ད་ལོ་ནི་ཁོ་མོས་འགན་འདི་ཐེངས་གཉིས་པར་འཁུར་བ་རེད།  ན་ནིང་གི་ཟླ8པར་ཁོ་མོས་ཀྲུང་གོར་འཚམས་འདྲི་གནང་སྐབས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡོན་ཁྲའོ་དང་མཇལ་འཕྲད་གནང་བ་ཡིན།  
  ལའོ་ཡུས་ཐུའེ་ཧྭ་ཏེ་ཡིས་གསུང་རྒྱུར། ཁོ་མོ་སུའེ་ཙེར་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྐྱེལ་ཡོང་བའི་ཡིག་ཆ་བཀླགས་ནས་ཁོམ་བཞིན་མེད་ལ། སྐབས་འདི་ལས་ཞིས་ཀྲུའུ་ཞི་དང་མཉམ་དུ་སུའེ་ཙེར་རྒྱལ་ཁབ་ཏུ་འཚམས་འདྲིར་ཐོན་པའི་རིམ་པ་མཐོན་པའི་འཐུས་ཚབ་ཚོགས་པ་སྔར་བས་རྒྱུས་ལོན་བྱེད་ཐུབ། སྲིད་འཛིན་འདིས་བསྟན་རྒྱུར། འཐུས་ཚབ་ཚོགས་པའི་ཁོངས་མི་རེ་རེའི་ཕ་ཡུལ་དང་སློབ་གསོ་མྱངས་པའི་གནས་ཚུལ།  སྔོན་ཆད་བྱ་བ་གང་ཞིག་བསྒྲུབས་པ་སོགས་ཀྱི་གནས་ཚུལ་ཤེས་འདོད་ཡོད།  ཁོ་མོས།“ངས་ད་རུང་ཀྲུང་གོ་རྒྱལ་ཁབ་ནང་ཁུལ་གྱི་ད་ལྟའི་དོ་སྣང་བྱ་ཡུལ་དང་བརྗོད་གཞི་གཙོ་བོ་ཤེས་དགོས། ལོས་ཡིན། ང་ལའང་ཀྲུང་གོར་ཁ་གཏོད་པའི་འགྲན་སློང་རྒྱུས་ལོན་བྱེད་དགོས”ཞེས་གསུང་། ཁོ་མོས། འདི་ལྟར་བྱས་ན་ད་གཟོད་ཁོ་མོས་འཚམས་འདྲིར་ཕེབས་པར་སྔར་བས་གྲ་སྒྲིག་ལེགས་པོ་བྱེད་ཐུབ་པར་མ་ཟད།  རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་མཉམ་ལས་ཁྱབ་ཁོངས་སྔར་བས་མང་པོ་ཞིག་སྔོག་འདོན་བྱེད་ཐུབ་ཅེས་གསུང་། 
  ལའོ་ཡུས་ཐུའེ་ཧྭ་ཏེ་ཡིས།“ཞིས་ཀྲུའུ་ཞི་འཚམས་འདྲི་ཕེབས་པར་བསུ་མ་བྱེད་ཆེད། སུའེ་ཙེར་སྲིད་གཞུང་གིས་དུས་ཚོད་མང་པོ་བེད་སྤྱད་ནས་གྲ་སྒྲིག་བྱས་པ་ཡིན། ང་ཡིས་ལོ་ངོ་མང་པོའི་ཡར་སྔོན་དུ་ཀྲུང་གོར་རྒྱུས་ཅུང་ཙམ་ཞིག་མངའ་བ་ཡིན་རུང་། འོན་ཀྱང་ཀྲུང་གོར་ལོ་རེ་བཞིན་འགྱུར་ལྡོག་བྱུང་བཞིན་ཡོད། དེའི་རྐྱེན་གྱིས་རྒྱུ་ཆ་སྔར་བས་མང་པོ་བཀླགས་ན་གནས་བབ་གསར་བའི་རྗེས་ཆོད་ངེས་ཡིན”ཞེས་གསུང་།