ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས16ཉིན། གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་གསལ་ལྟར་ན། ད་ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་མཉམ་དུ་ཁེལ་ནས་སྤྱི་ཚོགས་ཡོངས་ཀྱི་མི་སྣ་འཁོར་སྐྱོད་བྱེད་ཚད་ཆེས་ཆེར་འཕར་རྒྱུ་ཡིན་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཉེ་ཆར་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་ཐོན་སྐྱེད་དང་། འགྲུལ་པའི་སྐྱེལ་འདྲེན་ཞབས་ཞུ། འགྲིམ་འགྲུལ་ཟོག་འགྲེམས་ཤར་གཏོང་ལ་འགན་ལེན་སོགས་ཀྱི་ལས་དོན་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས།
འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། “འགྲུལ་པ་གཉིས་དང་ཉེན་ཁ་གཅིག”གི་རླངས་འཁོར་དང་། ཉེན་ཁ་ཆེ་བའི་བགྲོད་ལམ་དང་ཟམ་པ། ཆུ་ཐོག་འགྲུལ་སྐྱེལ། དམིགས་བསལ་ལས་སྒྲུབ། གྲུ་ཁའི་ཉེན་ཁ་ཆེ་བའི་དངོས་ཟོག་གསོག་སྣོད་སོགས་ཉེན་ཁ་ཆེ་བའི་འབྱུང་ཁུངས་རིགས13ལ་རིམ་སྤར་འགོག་སྡོམ་བྱ་རྒྱུ་རེད། ཡུལ་སྐོར་གྲུ་གཟིངས་དང་འགྲུལ་སྐྱེལ་གྲུ་གཟིངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་དང་། ཚོང་ལས་དང་ཉ་གྲུ་གདོང་ཐུག་བྱུང་བའི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲུ་ཁའི་ལས་སྒྲུབ་དང་གྲུ་ལམ་བདེ་འཇགས། ལས་གྲྭའི་འཛུགས་སྐྲུན་བདེ་འཇགས་བཅས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།
འགན་འཁུར་བ་དེས་བསྟན་དོན། འགྲུལ་པ་སྐྱེལ་འདྲེན་ཞབས་ཞུའི་འགན་ལེན་ཐད། བགྲོད་ལམ་དང་ཆུ་ལམ་འགྲུལ་སྐྱེལ་རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་། གུང་གསེང་རིང་འགྲུལ་པ་སྐྱེལ་འདྲེན་གྱི་ཁྱད་ཆོས་ལ་ཞིབ་འཇུག་དང་དབྱེ་ཞིབ་ཡག་པོ་བྱས་ཏེ། གཙོ་གནད་ས་ཁོངས་ཀྱི་སྐྱེལ་འདྲེན་ནུས་པ་གཏོང་སྤྲོད་དང་འཕྲལ་སྡོམ་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས་ཀྱི“གྲུ་གཟིངས་གཅིག་ལ་ཐབས་ཇུས་གཅིག”དང་གཙོ་གནད་འགྲུལ་སྐྱེལ་མཁའ་ལམ་གྱི“ལམ་ཐིག་གཅིག་ལ་ཐབས་ཇུས་གཅིག”གི་དོ་དམ་བྱེད་ཐབས་དོན་འཁྱོལ་བྱས་ཏེ། ཆུ་ལམ་འགྲུལ་སྐྱེལ་ཞབས་ཞུར་འགན་ལེན་ཡག་པོ་བྱེད་དགོས། དེ་དང་ཆབས་ཅིག་སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་དྲ་ཐོག་ནས་སྤ་སེ་འཚོང་བའི་ཐབས་ལམ་རྒྱ་སྐྱེད་བཏང་ནས། འགྲུལ་པས་སྤ་སེ་ཉོ་བ་དང་རླངས་འཁོར་ལ་སྡོད་པ། གྲུ་ལ་སྡོད་པར་སྟབས་བདེ་ཡོང་བར་བྱ་རྒྱུ་རེད། གཙོ་གནད་ཚོགས་སྤྱིར་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གཙོ་གནད་ཚོགས་སྤྱིར་འགྲིམ་འགྲུལ་འགྲོ་སྐྱོད་བྱེད་པར་སྔོན་ལ་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་དགོས།
ལམ་དྲ་འཁོར་སྐྱོད་ལ་འགན་ལེན་བྱེད་པའི་ཐད། འགན་འཁུར་བ་དེས་བསྟན་དོན། ལམ་དྲ་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་སྟེ། དུས་ཐོག་ཏུ་བྱ་ཐབས་སྤྱད་དེ་འགག་སེལ་དང་བདེ་བླག་ལ་འགན་ལེན་བྱ་རྒྱུ་ཡིན། ཕྱིར་སྐྱོད་ཞབས་ཞུའི་ཆ་འཕྲིན་ཁྱབ་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། འཁོར་གཏོང་མི་སྣས་ལུགས་མཐུན་ངང་ཕྱིར་སྐྱོད་དུས་ཚོད་དང་ལམ་ཐིག་འདེམས་རྒྱུར་ཁྲིད་སྟོན་བྱ་དགོས། དུས་ཆེན་དང་དུས་ཆེན་གལ་ཆེན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་འགྲོ་གྲོན་མི་བསྡུ་པའི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱ་དགོས།
གནམ་གཤིས་ངན་པར་ཁ་གཏད་ཡག་པོ་གཏོང་ཆེད། འགན་འཁུར་བ་དེས་བསྟན་དོན། གནམ་གཤིས་སོགས་ཀྱི་སྡེ་ཚན་དང་གྲོས་མོལ་ཞིབ་དཔྱད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཆར་ཆུ་འབབ་པ་དང་སྟོན་དུས་རླུང་འཚུབ། གཏད་རྒྱུག་དྲག་པོ་སོགས་གནམ་གཤིས་ངན་པའི་གནས་ཚུལ་ལ་གཙོ་གནད་ཐོག་དོ་ཁུར་བྱས་ཏེ། དུས་ཐོག་ཏུ་སྤྱི་ཚོགས་ལ་ཕྱིར་སྐྱོད་ཀྱི་དྲན་སྐུལ་བྱེད་པ་དང་། ཁེ་ལས་ལ་སྔོན་ཚུད་ཉེན་བརྡའི་དྲན་སྐུལ་ཁྱབ་བསྒྲགས་བྱས་ནས། སྔོན་ཚུད་ཉེན་བརྡའི་ནང་རྐྱེན་དོན་འཁྱོལ་བྱ་རྒྱུ་ཡིན། གནམ་གཤིས་ངན་པར་འགྲོ་སྐྱོད་བཀག་འགོག་དང་བཀག་སྡོམ་བྱེད་པའི་གཏན་འབེབས་དང་། ཨར་ལས་དོ་དམ་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། ཉེན་ཁ་དང་འབྲེལ་བའི་སྐྱེལ་འདྲེན་དང་ཉེན་ཁ་ཆེ་བའི་ལས་སྒྲུབ་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས།
ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་དང་ཟོག་འགྲེམས་ཤར་གཏོང་བདེ་བླག་ལ་འགན་ལེན་ཡག་པོ་བྱ་རྒྱུའི་ཐད། གཙོ་གནད་ལྟེ་གནས་དང་བགྲོད་ལམ་གཙོ་བོའི་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་སྟེ། འགྲིམ་འགྲུལ་དང་ཟོག་འགྲེམས་འཁོར་སྐྱོད་ཉེན་ཁའི་དབྱེ་ཞིབ་ཞིབ་འཇུག་བརྡར་གཅོད་དང་སྔོན་འགོག་ཁ་གཏད་ཡག་པོ་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་གཙོ་གནད་ས་ཁོངས་ཀྱི་འཕྲལ་སྡོམ་སྐྱེལ་འདྲེན་ནུས་ཤུགས་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐུན་སྦྱོར་བཀོད་འདོམས་དང་གཅིག་གྱུར་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ཐོན་རྫས་གསར་པ་སྐྱེལ་འདྲེན་བྱེད་པའི“ལྗང་མདོག་བགྲོད་ལམ”གྱི་སྲིད་ཇུས་ལག་བསྟར་ནན་པོ་བྱས་ནས། གཙོ་གནད་དངོས་ཟོག་དང་དམངས་འཚོ་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་བདེ་འཇགས་དང་གེགས་མེད་ལ་འགན་ལེན་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། དཔལ་གཡང་།