ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལྷོ་ཁའི་བུད་མེད་དེ་ཁྱོ་གས་ཉེས་རྡུང་བཏང་རྗེས……

སྤེལ་དུས 2025-03-18 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

      བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་གིས་2025ལོའི་མི་ལུས་བདེ་འཇགས་སྲུང་སྐྱོང་གི་བཀའ་རྒྱ་ཐོག་མ་དེ་བཏང་སྟེ། ཁྲིམས་འཛིན་གྱི་སྟོབས་ཤུགས་ལ་བརྟེན་ནས་གནོད་འཚེ་ཕོག་མཁན་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་བྱས་ཡོད།
      པད་ཆེ་གེ་མོ་དང་བསོད་ཆེ་གེ་མོ་བཟའ་ཚང་ཡིན་དུས། པད་ཆེ་གེ་མོས་རྟག་ཏུ་བསོད་ཆེ་གེ་མོར་ཞེད་སྣང་སྐུལ་བ་དང་། དམའ་འབེབས་གཏོང་བ། ཉེས་རྡུང་གཏོང་བ་བཅས་བྱེད་ཀྱི་ཡོད་པས། བསོད་ཆེ་གེ་མོའི་ལུས་སེམས་གཉིས་ཀར་ཕོག་ཐུག་ཆེན་པོ་བྱུང་ཡོད་པ་མ་ཟད་ཚེ་སྲོག་གི་བདེ་འཇགས་ལའང་ཉེན་ཁ་བཟོས་ཡོད།      

      བསོད་ཆེ་གེ་མོའི་རེ་ཞུ་འབྱོར་རྗེས། གྱོད་སྒྲུབ་ཁྲིམས་དཔོན་གྱིས་འཕྲལ་དུ་ཞིབ་བསྡུར་བྱས་པས། མི་ལུས་བདེ་འཇགས་སྲུང་སྐྱོང་གི་བཀའ་རྒྱ་རེ་ཞུ་བྱེད་པའི་ཁྲིམས་གཏན་འཁེལ་བའི་ཆ་རྐྱེན་དང་འཚམ་པ་གཏན་འཁེལ་བྱུང་ནས། ཁྲིམས་ལྟར་མི་ལུས་བདེ་འཇགས་སྲུང་སྐྱོང་གི་བཀའ་རྒྱ་གཏོང་བའི་ཐག་བཅད་པ་དང་ཆབས་ཅིག ཐག་གཅོད་ཡི་གེ་འཕྲལ་དུ་པད་ཆེ་གེ་མོ་དང་བསོད་ཆེ་གེ་མོ་དང་དེ་བཞིན་སྡོད་སའི་སྤྱི་བདེ་ལས་ཁུངས་དང་གྲོང་མི་ཨུ་ལྷན་སོགས་འབྲེལ་ཡོད་སྡེ་ཚན་ལ་སྤྲད་ནས། ཕྱོགས་ཁག་གིས་ལག་བསྟར་བྱེད་པར་གཞོགས་འདེགས་བྱེད་དགོས་པའི་རེ་བ་བཏོན་ཡོད། 

      ཁྱིམ་ཚང་གི་གཏུམ་སྤྱོད་འགོག་པའི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཏེ་ནང་མི་དང་། ལྷག་པར་དུ་བུད་མེད་དང་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱ་ཆེད། སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་གིས་2024ལོའི་ཟླ་3པ་ནས་བཟུང་། གཏུག་བཤེར་ཞབས་ཞུའི་ལྟེ་གནས་སུ“འཕྲལ་དུ་གྱོད་ཐོ་འགོད་པ་དང་། ཁྲིམས་ཐག་གཅོད་པ། ལག་ལེན་བསྟར་བ”བཅས་ཀྱི་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི“ཐོགས་མེད་བགྲོད་ལམ”བཏོད་ཡོད། མིག་སྔའི་བར། མི་ལུས་བདེ་འཇགས་སྲུང་སྐྱོང་གི་བཀའ་རྒྱ་5བཏང་བར་ཆ་སྙོམས་ཆུ་ཚོད་48ལས་འགོར་མེད།