ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

སྒེའུ་ཁུང་ནས་འཛུལ་ཏེ་རྐུན་མ་རྐུ་མཁན་འདི……

སྤེལ་དུས 2025-04-15 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

    ཉེ་ཆར། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀུན་བདེ་གླིང་མངགས་གཏོང་ཁང་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཁག་གི་ཉེན་རྟོག་པས་ཁང་པའི་ནང་འཛུལ་ནས་རྐུ་རྒྱག་པའི་གྱོད་གཞི་མང་དག་ཅིག་རྩད་ཆོད་ནས་དོགས་ཡོད་ཉེས་ཅན་གཅིག་བཟུང་ཐུབ་པ་རེད། 

  ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ཟླ་1ཚེས་20ནས་23ཉིན་བར་ལྷ་ས་གྲོང་ཁྱེར་དུ་བོགས་གཏོང་ཁང་པའི་ནང་འཛུལ་ནས་རྐུ་རྒྱག་པའི་གྱོད་གཞི་གསུམ་བསྟུད་མར་ཐོན་ཡོད། ཉེན་རྟོག་པས་བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད། དོགས་ཡོད་མི་སྣས་ཆེད་དུ་སྒེའུ་ཁུང་བརྒྱབ་མེད་པའི་ཁང་པར་ལྡིར་ནས་ཁྱིམ་དུ་མི་སྡོད་མཁན་མེད་པ་ཤེས་རྗེས་སྒེའུ་ཁུང་ནས་འཛུལ་ཏེ་རྐུ་རྒྱག་གི་ཡོད་པ་ཤེས།

    གནས་ཚུལ་ཤེས་རྟོགས་བྱས་རྗེས། གྱོད་སྒྲུབ་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་གྲལ་བཤེར་དང་བརྙན་ལམ་ལྟ་བ་སོགས་བྱས་མཐར་དོགས་ཡོད་མི་སྣ་དབང་ཆེ་གེ་མོ་གཏན་འཁེལ་ཐུབ་པ་དང་འབྲེལ་ཟླ་3ཚེས་27ཉིན་ལྷ་ས་གྲོང་ཁྱེར་ལྷ་ཀླུ་སྡེ་ཁུལ་གྱི་ཇ་ཁང་ཞིག་ནས་བཟུང་བ་རེད།

   ཉེན་རྟོག་པས་བརྟག་དཔྱད་དང་འདྲི་རྩད་བྱས་པ་བརྒྱུད། ད་ལོའི་ཟླ་1ཚེས་20ནས་23ཉིན་བར་དོགས་ཡོད་ཉེས་ཅན་དབང་ཆེ་གེ་མོས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་འདམ་ར་སྡེ་ཁུལ་གྱི་བོགས་གཏོང་ཁང་པ་ཞིག་དང་། རྒྱ་མཚོ་སྡེ་ཁུལ་གྱི་སྤྱི་ཤག་ཅིག དགའ་སྐྱིད་ལམ་གྱི་བོགས་གཏོང་ཁང་པ་ཞིག་བཅས་སུ་སྒེའུ་ཁུང་ནས་འཛུལ་ཏེ་གསེར་གྱི་སྐེ་ཕྲུག་1དང་། ཐ་མག་རྡར་ཚན་7ལག་ཐོགས་ཁ་པར་1 དངུལ་སྨར་སྒོར་3200བཅས་བརྐུས་པར་ཁྱོན་གྱོད་འབྲེལ་དངུལ་སྒོར་ཁྲི་2ལྷག་ཟིན་གྱི་ཡོད་པ་ཤེས་རྟོགས་བྱུང་།
 
    དཔང་རྟགས་ཁུངས་བཙན་གྱི་མདུན་དུ་དབང་ཆེ་གེ་མོས་རང་ཉིད་ཀྱི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ཁས་བླངས་པ་རེད། མིག་སྔར། དོགས་ཡོད་ཉེས་ཅན་དབང་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེ་སྔར་བས་ཐག་གཅོད་བྱེད་བཞིན་ཡོད།