ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

གནས་ཚུལ་འདི་ཐོ་རེངས་ཆུ་ཚོད་0དང་སྐར་མ་43ཙམ་ལ་ཐོན་འདུག

སྤེལ་དུས 2025-04-17 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

    ཟླ་4ཚེས་10ཉིན་གྱི་ཐོ་རེངས་ཆུ་ཚོད་0དང་སྐར་མ་43ཙམ་ལ། འདམ་གཞུང་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ལ་ཡུལ་སྐོར་བ་གཉིས་གཉན་ཆེན་ཐང་ལྷའི་རི་རྒྱུད་དུ་ཉེན་བརྟག་མྱུལ་དཔྱད་བྱེད་དུ་ཕྱིན་འདུག ཡིན་ནའང་དེ་གའི་ས་བབ་རྙོག་འཛིང་ཆེ་བ་དང་། གནམ་གཤིས་ཡག་པོ་མེད་པས། ཡུལ་སྐོར་བ་དེ་གཉིས་ལམ་ནོར་ཐེབས་ནས་ལུས་ཟུངས་ཟད་རྐྱེན་ཉེན་ཁའི་གནས་སུ་གྱར་འདུག་ཅེས་ཉེན་དོན་སྙན་སེང་འབྱོར་བ་རེད།

    ཉེན་དོན་སྙན་སེང་འབྱོར་རྗེས། བཀོད་འདོམས་ལྟེ་གནས་དེས་འཕྲལ་དུ་ཡངས་པ་ཅན་གྲོང་རྡལ་མངགས་གཏོང་ཁང་ལ་ཉེན་རྟོག་པ་གཏོང་དགོས་པའི་བཀའ་བཏང་བས། ཉེན་རྟོག་པས་དེ་མ་ཉིད་དུ་ཉེན་དོན་སྙན་སེང་ཞུ་ཡུལ་དུ་བསྐྱོད་དེ། ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་ཡུལ་སྐོར་བ་འགྲོ་སའི་ལམ་དེད་ནས་གྲལ་བཤེར་ཞིབ་ཚགས་བྱས་པ་དང་། ཆུ་ཚོད་3ཙམ་བཙལ་བ་བརྒྱུད། རི་གཟར་པོ་ཞིག་གི་གཤམ་ནས་ཡུལ་སྐོར་བ་དེ་གཉིས་རྙེད་པ་རེད། 

    ས་གནས་ས་ཐོག་ཏུ་འདྲི་ཞིབ་བྱས་པ་བརྒྱུད། ཉེན་ཁ་འཕྲད་པའི་ཡུལ་སྐོར་བ་དེ་གཉིས་ཀྱིས་མ་གཞི་དངངས་སྐྲག་དེ་ཙམ་མི་བྱེད་ཀྱང་ལུས་ལ་རྨས་སྐྱོན་ཕྲན་བུ་ཕོག་ཡོད་པས། རི་ནས་འབབ་ཐབས་བྲལ་བར་གྱུར་ཡོད་པ་ཤེས། དེ་རྗེས། འདམ་གཞུང་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་དུ་དམིགས་བསལ་ཉེན་རྟོག་རུ་ཆེན་དང་། ཡངས་པ་ཅན་ཞིབ་བཤེར་ས་ཚིགས། མེ་ཟོན་རུ་ཆེན། ལམ་སྐྱོང་རུ་མི། སྨན་པ་དང་ནད་སྐྱོང་བ་སོགས་མཉམ་འབྲེལ་རོགས་སྐྱོབ་དཔུང་ཁག་ཡུལ་དངོས་སུ་རོགས་སྐྱོབ་བྱེད་པར་བཏང་ཡོད། དེ་གར་སླེབས་པ་དང་ཡུལ་སྐོར་བ་གཉིས་པོའི་རྨས་སྐྱོན་ཕོག་ཚད་ལ་གཞིགས་ཏེ། བཀོད་འདོམས་པས་རྨས་མ་ཁུར་ནས་རི་གཤམ་དུ་སྐྱེལ་རྒྱུའི་ཐག་བཅད་པ་རེད། 

    ཆུ་ཚོད་བཅུ་གཉིས་ལྷག་ཙམ་རིང་དཀའ་ཚེགས་ཆེན་པོས་རི་ཀླུང་བརྒལ་བ་དང་ཛ་དྲག་རོགས་སྐྱོབ་བྱས་པ་བརྒྱུད། རོགས་སྐྱོབ་མི་སྣས་ཡུལ་སྐོར་བ་དེ་གཉིས་བདེ་འཇགས་ངང་རི་གཤམ་དུ་བསྐྱལ་བ་དང་། སྐབས་དེར་རི་གཤམ་དུ་བཀའ་བསྒུགས་ནས་བསྡད་ཡོད་པའི་མྱུར་སྐྱོབ་རླངས་འཁོར་གྱིས་རྨས་མ་དེ་གཉིས་འཕྲལ་མར་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད།