ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

【དུས་རབས་གསར་པར་མཐའ་མཚམས་སུ་སྐྱོད་པ།】 ཞིང་ལས་ལ་བྲེལ་བ་ཆེ་བའི་དུས་སུ་ཁེ་གསུམ་གྲོང་ཚོའི་ཟླ་བ་ཧ་ཅང་སོས་དལ་བག་ཕེབས་རེད།

སྤེལ་དུས 2019-08-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
               ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ནས་འབྲུ་སྨིན་པའི་དུས་ཚིགས་སུ་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཁུལ་ཁེ་གསུམ་གྲོང་ཚོའི་འཕྲུལ་འཁོར་གྱི་ལྡིར་སྒྲ་ཆེ་ཞིང་། སྡེ་བའི་ཉེ་འདབས་ཀྱི་ཞིང་ཁར་ཡུལ་མི་ཚོས་རྔ་སྡུད་འཕྲུལ་འཁོར་གྱིས་ནས་ཞིང་རྔ་བཞིན་ཡོད། ད་ལྟ་ཁེ་གསུམ་གྲོང་ཚོར་ཁྱོན་བསྡོམས་རྔ་སྡུད་འཕྲུལ་འཁོར་8དང་ཞིང་རྨོ་འཕྲུལ་ཆས་4ཡོད་པ་དེ་དག་མང་ཚོགས་ལ་རིན་མེད་ངང་བཀོལ་སྤྱོད་བྱེད་དུ་བཅུག་པས། དཔྱིད་འདེབས་སྟོན་སྡུད་གང་ཡིན་ཡང་ཞིང་ལས་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་བྱེད་ཚད་སྔ་མོ་ནས་100%ཟིན་ཡོད་པ་རེད།
རི་མོ་ནི་ཁེ་གསུམ་གྲོང་ཚོ་ཡིན།
               ལག་པས་ཟོར་བ་འཁྱེར་ནས་ནས་ཞིང་རྔ་བ་ནས་ད་ཆའི་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་བར་ཏེ་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་རིང་ཁེ་གསུམ་གྲོང་ཚོའི་གང་ས་གང་ཐད་ནས་ཀྱང་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ད་ཆའི་ཁེ་གསུམ་གྱི་ཁྱིམ་ཚང་རེ་རེར་རང་འབབ་ཆུ་འཐེན་ཡོད་པ་དང་། རབ་རིབ་ཀྱི་མཆོད་མེ་དེ་དཀར་ཆ་དོད་པའི་གློག་སྒྲོན་དུ་གྱུར་པ། སྲ་ལམ་གང་མང་ཞིང་ཁའི་རྣང་མའི་བར་དུ་བསྐྱོད་ཐུབ་པ། སྤྱི་སྤྱོད་རླངས་འཁོར་གྲོང་ཚོར་ཤར་གཏོང་བྱས་པ། འཕྲིན་གཏོང་དྲ་རྒྱ་དང་རླུང་འཕྲིན་བརྙན་འཕྲིན་100%ལ་ཁྱབ་པ།  དྲ་ཆེན་དྲ་རྒྱ་མི་སེར་དཀྱུས་མའི་ཁྱིམ་དུ་བསླེབས་པ། ཉི་ནུས་ལམ་སྒྲོན་དང་ལུས་སྦྱོང་ཡོ་ཆས་སོགས་ཀྱི་སྒྲིག་བཀོད་རྩ་བའི་ཆ་ནས་འཐུས་ཚང་དུ་ཕྱིན་པ། དེང་རབས་ཚོང་དོན་དང་ཡུལ་སྐོར། འཕྲིན་གཏོང་སོགས་གཙོ་གནད་དུ་བྱས་པའི་ཐོན་ལས་གསུམ་པ་འཕེལ་རྒྱས་མགྱོགས་མྱུར་ངང་ཕྱིན་ཡོད་པ་རེད། 2017ལོར་མང་ཚོགས་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་ཆས་ཤིང་། 2018ལོར་ཁེ་གསུམ་སྡེ་ཁུལ་གྱི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་སྒོར་19735.5ཟིན་ཡོད་པ་རེད།
རི་མོ་ནི་ཡུལ་མིས་འཕྲུལ་འཁོར་ལ་བརྟེན་ནས་སྤུན་མ་འཕྱར་བཞིན་པ་ཡིན།
               ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་ཚང་མ་ལོ་ངོ་60གོང་གི་ཡང་དག་པའི་གཏན་འབེབས་ལས་བྱུང་བ་རེད། 1959ལོའི་ཟླ་5པར་ཁེ་གསུམ་གྲོང་ཚོས་བོད་རང་སྐྱོང་ལྗོངས་ཀྱི་བཟོ་ཨུའི་འགོ་ཁྲིད་འོག་དམངས་གཙོའི་བཅོས་སྒྱུར་ཐེངས་དང་པོ་བྱས་ནས་བོད་ལྗོངས་ལོ་རྒྱུས་ཐོག་གི་གྲོང་གསེབ་ཀྱི་ཏང་ཀྲི་པུའུ་དང་པོ་དེ་བཙུགས་པ་དང་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་པའི་གྲོང་ཚོ་དང་པོར་གྱུར་པ་རེད།
               སྒྱུར་བཅོས་དེའི་སྐོར་གླེང་སྐབས་གྲོང་མི་ཟླ་བའི་དབར་འབྲེལ་བ་ཟབ་མོ་ཡོད་དེ། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཟླ་བའི་ཕ་མ་གཉིས་ཀ་ཁེ་གསུམ་གཞིས་ཀའི་ནང་གི་“ཁྲལ་པ་”(ཞིང་བདག་ལ་ཞིང་འདེབས་མཁན)ཡིན་པ་དང་། ས་ཞིང་གི་སྤྱོད་དབང་མ་གཏོགས་ས་ཞིང་ཕྱིར་འཚོང་བྱེད་མི་ཆོག་པས་ས་ཞིང་གི་འཆིང་རྒྱར་ཚུད་ཡོད། མི་ཚེ་གང་བོར་ཁ་ཞིང་སར་གཏད་པའི་ཟླ་བའི་ཕ་མ་གཉིས་ཀྱིས་ཉིན་ཞིག་ལ་རང་གིས་བཏབ་པའི་ས་ཞིང་དེ་རང་ལ་དབང་བར་དྲན་ཡང་ག་ལ་ཐུབ། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཟླ་བའི་ཕ་མ་གཉིས་ལ་ས་ཞིང་བགོས་ནས་དངོས་གནས་རང་ཉིད་ལ་དབང་བའི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཞིང་། ས་ཞིང་ཡོད་པའི་སྟབས་ཀྱིས་ཟླ་བ་གཅེན་གཅུང་མིང་སྲིང་8གསོ་ཐུབ་པ་དང་དེས་སླད་ཕྱིན་གྱི་འཚོ་བ་ཡག་པོ་སྐྱེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།
རི་མོ་ནི་ཟླ་བས་རང་ཁྱིམ་དུ་སོས་དལ་བག་ཕེབས་ཀྱིས་མེ་ཏོག་ལ་ཆུ་གཏོར་བཞིན་པ་ཡིན།
               ཐོབ་དཀའ་བའི་ས་ཆ་དེ་འདྲ་ཞིག་ཐོབ་སྐབས་ཟླ་བའི་ཕ་མ་གཉིས་ཀྱིས་རང་ཤུགས་སུ་མཐོང་ཆེན་བྱེད་པ་དང་། ཆུང་དུས་ནས་ཕ་མ་གཉིས་ཀྱིས་ཟླ་བ་དང་གཅེན་གཅུང་མིང་སྲིང་ཚོར་ས་ཞིང་འདེབས་དགོས་པའི་རེ་བ་འདོན་པ་ལས་གཞན་གང་ཡང་རེ་བ་བྱེད་ཀྱིན་མེད། ཕ་མས་ས་ཞིང་བཟུང་ན་ད་གཟོད་ཐར་ལམ་ཡོད་པ་དང་གསོན་ལམ་ཡོད་པར་འདོད།
རི་མོ་ནི་1984ལོར་ཟླ་བ་སྡོད་སའི་ཁང་པ་ཡིན།
རི་མོ་ནི་ཟླ་བ་ད་ཆ་སྡོད་སའི་ཐོག་སོ་གཉིས་ལྡན་གྱི་ཐོག་ཁང་ཆུང་བ་དེ་ཡིན། 
               ཟླ་བས་ཕ་མ་འགྲིག་པ་ཤེས་མོད། འོན་ཀྱང་ཁོ་ལ་ཡང་རང་ཉིད་ཀྱི་བསམ་བློ་ཆུང་ཆུང་ཞིག་ཡོད། 1984ལོར་ཁེ་གསུམ་གྲོང་ཚོས་ཁྱིམ་ཚང་གི་ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཤིང་། རྨོ་འདེབས་ལས་ཕྱོད་མཐོ་རུ་གཏོང་ཆེད། ཟླ་བས་1986ལོར་དངུལ་བུན་བཏང་ནས་ལག་སྐྱོར་འདྲུད་འཐེན་འཁོར་ལོ་ཞིག་ཉོས། ཞིང་ལས་དལ་སྐབས་ཁོས་ད་རུང་འཛུགས་སྐྲུན་རྒྱུ་ཆ་སྐྱེལ་འདྲེན་བྱས་ནས་སྒོར་མོ་བཙལ་བས་དངུལ་བུན་ཡོད་ཚད་གང་མགྱོགས་ཀྱིས་སྤྲད་ཚར། དེའི་རྗེས་སུ་ཟླ་བས་སླར་ཡང་འགྲུལ་སྐྱེལ་རླངས་འཁོར་འབྲིང་བ་ཞིག་ཉོས་ཏེ་གླ་གཏོང་འགྲུལ་སྐྱེལ་གཏོང་འགོ་ཚུགས་པ་རེད། གྲོང་ཁྱེར་དང་གྲོང་གསེབ་དབར་འགྲོ་འོང་བྱེད་སྐབས་ཟླ་བས་ཚོང་ལས་ཀྱི་གོ་སྐབས་རྙེད་པ་དང་ཁོང་གིས་ཡུལ་སྐོར་བ་མང་པོ་ཁེ་གསུམ་གྲོང་ཚོར་འབྱོར་རྗེས་ཁ་ལག་ཟ་ས་མེད་པས་ཟ་ཁང་དང་ཚོང་ཁང་གཅིག་རྗེས་གཉིས་མཐུད་ངང་གཉེར། དངོས་ཟོག་སྐྱེལ་འདྲེན་དང་འགྲུལ་སྐྱེལ། ཚོང་གཉེར་བཅས་ལ་བརྟེན་ནས་བསགས་པའི་དངུལ་དེས་སློབ་ཆུང་གི་རིག་གནས་མ་གཏོགས་མེད་པའི་ཟླ་བས་སློབ་ཆེན་སློབ་མ་གཉིས་བསྐྱངས་པ་དང་། སློབ་ཆེན་དུ་ཞུགས་མ་ཐུབ་པའི་བུ་གཅིག་པོ་དེས་ཀྱང་ཕ་ཤུལ་བུ་ཡིས་ཟིན་ནས་ཟླ་བའི་རྒྱབ་སྐྱོར་འོག་འགྲུལ་སྐྱེལ་གྱི་ལས་ཀ་གཉེར་བ་རེད། 2019ལོར་ཟླ་བའི་ཁྱིམ་གྱི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་སྒོར་ཁྲི་3ཟིན་ནས་འབྱོར་འབྲིང་ལམ་བུའི་ཐོག་སྔ་ས་ནས་བསྐྱོད་ཡོད། 
རི་མོ་ནི་ཟླ་བ་ཚང་གི་མགྲོན་ཁང་ཡིན།
               ཞིང་ལས་བྲེལ་བ་ཆེ་བའི་དུས་ཚིགས་སུའང་ཟླ་བ་མཛེས་སྤྲས་དང་སྒྲིག་བཀོད་འཐུས་ཚང་བའི་ཐོག་ཁང་གཉིས་བརྩེགས་ཅན་དུ་བསྡད་དེ་སོས་དལ་བག་ཕེབས་ཀྱི་རྣམ་པ་ཞིག་མངོན་ཞིང་། རང་ཁྱིམ་གྱི་ཞིང་ཁ་མུའུ་8གླས་ཟིན་པ་དང་བོགས་དངུལ་ཡང་རྩམ་པ་བཟོ་བའི་རྒྱུ་ཆ་སྟེ་ནས་ཁོ་ན་བསྡུ་བཞིན་ཡོད། ད་ལོ་ལོ་58ལ་སླེབས་པའི་ཟླ་བས་རང་གི་ཁུར་པོ་མར་ཕོག་སྟེ་རང་ཉིད་ཀྱི་དགའ་ཞེན་ཆེ་བའི་བྱ་བ་བསྒྲུབས་པ་དང་། གླུ་ལེན་གར་རྩེད་ལ་དགའ་བའི་ཁོང་གིས་གྲོང་ཚོའི་ནང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཞིག་བཙུགས་ཤིང་། ཞིང་ལས་དལ་སྐབས་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་ནས་འཚོ་བ་ཕུན་ཚོགས་སུ་བཏང་ཡོད། 2019ལོར་ཟླ་བས་ཁོང་གི་ཚོགས་པ་ཁྲིད་དེ་བོད་ལྗོངས་ལྷོ་ཁའི་ཡར་ཀླུང་རིག་གནས་དུས་ཆེན་གྱི་དབུ་འབྱེད་མཛད་སྒོར་བསྐྱོད་དེ་རང་ཉིད་ཀྱི་དགའ་ཞེན་དེ་བས་ཆེ་བའི་གར་སྟེགས་སུ་བསྐྱོད་པ་རེད། 
རི་མོ་ནི་ཟླ་བ་ཡོད་པའི་སྒྱུ་རྩལ་ཚོགས་པས་《དཔྱིད་འདེབས》ཞེས་པའི་ཞབས་བྲོ་ནང་སྦྱོང་བྱེད་བཞིན་པ་ཡིན།