ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་བ།

སྤེལ་དུས 2019-09-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སྐལ་བཟང་བདེ་སྐྱིད་སོགས
              ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་སྐབས་སེམས་ཤུགས་བརྟན་པོ་དང་དཀའ་སྤྱད་འབད་བརྩོན། དཔའ་ངར་མདུན་སྐྱོད་བཅས་བྱས་ཏེ། དུས་རབས་གསར་པའི་དབུས་རྒྱུད་ཀྱི་ངོ་མཚར་ཆེ་བའི་ལེའུ་གཏོད་དགོས་པའི་ནན་སྟོན་གནང་བ།
              ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་དུས་ཧོ་ནན་དུ་རྟོག་ཞིབ་གནང་སྐབས། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། འཕར་སྣོན་བརྟན་པོ་དང་། བསྒྱུར་བཅོས་ལ་སྐུལ་འདེད། གྲུབ་གཞི་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ། བརྟན་ལྷིང་སྲུང་བ་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ། འགག་སྒྲོལ་དམག་འཐབ་གསུམ་ཡག་པོ་རྒྱག་པ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཤུགས་ཆེར་གཏོང་བ། དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བའི་ཁྲོད་དཔའ་ངར་མདུན་སྐྱོད་བྱས་ཏེ། དུས་རབས་གསར་པའི་དབུས་རྒྱུས་ཀྱི་ངོ་མཚར་ཆེ་བའི་ལེའུ་གཏོད་དགོས་པའི་གནང་སྟོན་གནང་ཡོད།
གསེར་མདོག་གི་སྟོན་དུས་འདིར། དབུས་རྒྱུད་ས་གཞི་ཆེན་པོར་ལོ་ལེགས་བྱུང་བའི་སྤྲོ་བས་བརྟས་ཤིང་། གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། སྤྱི་ཟླ་9པའི་ཚེས་16ཉིན་ནས་18ཉིན་བར། ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་གོ་ཧྲེང་དང་། ཞིང་ཆེན་གྱི་འགོ་འཛིན་ཁྲེན་རུན་འར་གྱི་ཕེབས་རོགས་འོག་སྔ་རྗེས་སུ་ཤིན་ཡང་དང་། ཀྲེང་ཀྲོའུ་སོགས་ལ་ཕེབས་ཏེ། གསར་བརྗེའི་རྟེན་གཞི་རྙིང་པ་དང་། གྲོང་གསེབ། ཁེ་ལས་སོགས་ལ་ཟབ་ཞུགས་གནང་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གནས་ཚུལ་སོགས་ཀྱི་ཐད་བརྟག་ཞིབ་གནང་ཡོད།
ཏ་པེ་ཧྲན་རི་ཁུལ་དུ་གནས་པའི་ཤིན་ཡང་གྲོང་ཁྱེར་ཤིན་རྫོང་ནི་ཨེ་ཡུས་ཝན་སུའུ་ཝེ་ཨའེ་ཁུལ་གྱི་ལྟེ་བའི་གནས་ས་ཞིག་ཡིན། སྤྱི་ཚེས་16ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་དང་ཐོག་ཨེ་ཡུས་ཝན་སུའུ་ཝེ་ཨའེ་ཁུལ་གྱི་སྔོན་གཤེགས་དཔའ་བོའི་བང་སོར་ཕེབས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་དང་དྲན་གསོ་ཁང་ལ་གུས་མཇལ་ཞུས་པ་དང་། དཔའ་བོའི་རི་བོའི་སྟེང་དར་དམར་ལྷབ་ལྷུབ་ཏུ་གཡོ་བའི་བརྗོད་དོན་གཙོ་བོའི་འཇིམ་བརྐོས་ལ་རྒྱང་གཟིགས་གནང་ཡོད། དྲན་གསོའི་རྡོ་རིང་མདུན་དུ་ཞི་ཅིན་ཕིང་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་གནང་བ་མ་ཟད་གུས་འདུད་ལན་གསུམ་ཞུས་གནང་ཞིང་། གསར་བརྗེའི་རྒྱལ་ཁའི་ཆེད་རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་སུ་འབུལ་མཁན་དཔའ་བོ་བུ་ཕྲུག་རྣམས་ལ་བརྩེ་བ་ཟབ་མོས་རྗེས་དྲན་གནང་ཡོད། དྲན་གསོ་ཁང་ནང་ཞི་ཅིན་ཕིང་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་མཛད་རྗེས་ངོ་སྤྲོད་གནང་བ་གསན་གནང་བ་མ་ཟད། ཁོང་རྣམ་པའི་ལེགས་སྐྱེས་ལ་གདེང་འཇོག་མཐོ་པོ་གནང་ཡོད། ཞི་ཅིན་ཕིང་གིས། ད་ཐེངས་རྟོག་ཞིབ་བྱ་ཡུལ་ས་ཚུགས་དང་པོ་ནི་ཨེ་ཡུས་ཝན་སུའུ་ཝེ་ཨའེ་ཁུལ་གྱི་ལྟེ་བར་གནས་པའི་སྔོན་གཤེགས་དཔའ་བོའི་བང་སོར་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་གསར་བརྗེའི་དཔའ་བོར་མྱ་ངན་ཞུ་ཆེད་ཡིན་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ང་རང་ནས་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་དུ་རྟོག་ཞིབ་བྱེད་ཐེངས་རེར་གསར་བརྗེའི་ལོ་རྒྱུས་དྲན་གསོ་ཁང་དུ་གུས་མཇལ་ཞུ་གི་ཡོད། དེ་ནི་ཏང་ཡོངས་ཀྱི་བློ་མཐུན་ནས་གསར་བརྗེའི་སྲིད་དབང་གང་འདྲ་བྱས་ཏེ་བྱུང་བ་དང་། ཀྲུང་གོ་གསར་པ་གང་འདྲ་བྱས་ཏེ་བྱུང་བ། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་གང་འདྲ་བྱས་ནས་བྱུང་བ་བཅས་མི་བརྗེད་པ་བྱེད་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་སྔ་བར་ཕྱི་གསུམ་དུ་གསར་བརྗེའི་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་བུའི་ཐོག་མཐའ་གཅིག་ཏུ་བསྐྱོད་དེ། སྔོན་བྱོན་པས་གསར་གཏོད་གནང་བའི་བྱ་གཞག་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་བ་གསལ་བསྒྲགས་བྱ་ཆེད་ཡིན་ཞེས་གསུངས་པ་རེད།
དེ་རྗེས། ཞི་ཅིན་ཕིང་གིས་ཨེ་ཡུས་ཝན་སུའུ་ཝེ་ཨའེ་ཁུལ་གྱི་ལྟེ་བར་གནས་པའི་གསར་བརྗེའི་དངོས་མང་བཤམས་སྟོན་ཁང་དུ་ཕེབས་ཏེ། ཨེ་ཡུས་ཝན་སུའུ་ཝེ་ཨའེ་ཁུལ་གྱི་གསར་བརྗེའི་ལོ་རྒྱུས་མཁྱེན་རྟོགས་གནང་ཡོད། ཨེ་ཡུས་ཝན་སུའུ་ཝེ་ཨའེ་ཁུལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ས་ཞིང་གསར་བརྗེའི་དམག་འཁྲུག་རིང་འགོ་ཁྲིད་དེ་བསྐྲུན་པའི་རྟེན་གཞིའི་གྲས་ཤིག་ཡིན་པ་དང་། ཀྲུང་དབྱང་སུའུ་ཝེ་ཨའེ་ཁུལ་རྗེས་ཀྱི་གསར་བརྗེའི་རྟེན་གཞི་ཆེ་བ་གཉིས་པ་དེ་ཡིན་པ་དང་། དམར་དམག་གི་གཙོ་ཤུགས་དམག་མང་པོ་ཞིག་དེ་ནས་ཐོན་ཞིང་། ལོ་28རིང་དར་དམར་ལྷབ་ལྷུབ་ཏུ་གཡོ་བའི་ངོ་མཚར་བཏོད་ཡོད། བཅིངས་འགྲོལ་དམག་འཁྲུག་རིང་། དེ་གར་ནི་ལིའུ་ཏེང་གིས་སྣེ་ཁྲིད་པའི་དམག་དཔུང་ཆེན་པོའི་ཏ་པེ་ཧྲན་གྱི་གནས་སྡོད་བྱེད་ས་ཡིན། དངོས་མང་བཤམས་སྟོན་ཁང་དུ་རྩ་ཆེའི་གསར་བརྗེའི་རིག་དངོས་མང་པོ་འགྲེམས་སྟོན་བྱས་ཡོད་པ་དང་། ཞི་ཅིན་ཕིང་གིས་ཞིབ་ཕྲ་གཟིགས་གནང་བ་དང་ཚང་མ་དང་གླེང་མོལ་ཡང་སེ་གནང་ནས་འོད་སྟོང་འཕྲོ་བའི་ལོ་ཟླར་ཕྱིར་དྲན་གནང་ཡོད།
ཞི་ཅིན་ཕིང་གིས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་དོན་ནི་ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་མང་ཙམ་བྱེད་པ་དང་། རང་རྟོགས་སྒོ་ནས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ལེན་བྱེད་པ། རྒྱུན་སློབ་རྒྱུན་གསར། མྱོང་ཚོར་ཟབ་ཏུ་གཏོང་བ། ཕུགས་བསམ་གྱི་དད་སེམས་བརྟན་གཏོང་དང་རིམ་འཕར་ཡོང་ཆེད་ཡིན། གསར་བརྗེའི་དངོས་མང་བཤམས་སྟོན་ཁང་དང་། དྲན་གསོ་ཁང་། ཏང་གི་ལོ་རྒྱུས་ཁང་། སྔོན་གཤེགས་དཔའ་བོའི་བང་སོ་སོགས་ནི་ཏང་དང་རྒྱལ་ཁབ་ཀྱི་གསར་བརྗེའི་གཞི་རྒྱུའི་མཛོད་ལྟ་བུ་ཡིན། ཏང་གི་གཏམ་རྒྱུད་དང་གསར་བརྗེའི་གཏམ་རྒྱུད། རྟེན་གཞིའི་གཏམ་རྒྱུད། དཔའ་བོ་དང་སྔོན་གཤེགས་དཔའ་བོ་བཅས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་སློབ་གསོ་བཅས་ལ་ཤུགས་སྣོན་རྒྱག་པ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱས་ཏེ། གསར་བརྗེའི་རི་ཀླུང་གི་ངོ་བོ་ནམ་ཡང་མི་འགྱུར་བའི་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
གཟིགས་སྐོར་གནང་གྲུབ་རྗེས། ཞི་ཅིན་ཕིང་དངོས་མང་བཤམས་སྟོན་ཁང་གི་སྒོ་རའི་ནང་ཕེབས་ནས། ས་གནས་དེ་གའི་དམར་དམག་གི་རྗེས་རབས་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ཁྱིམ་མིའི་སྐུ་ཚབ་དང་མཇལ་འཕྲད་གནང་བ་དང་། ཚང་མ་དང་ཕྱག་གཏོང་རེས་གནང་ཡོད། ཞི་ཅིན་ཕིང་གིས་ཐུགས་ཚོར་ཆེན་པོའི་ཐོག་ནས། དེ་རིང་ང་རང་ཆེད་མངགས་འདི་གར་ཁྱེད་ཚོར་ལྟ་བར་ཡོང་བ་ཡིན། ལྷན་རྒྱས་དང་སུའུ་ཝེ་ཨའེ་ས་ཁུལ་གྱི་དམར་དམག་གི་རྗེས་རབས་པ། གསར་བརྗེའི་སྔོན་གཤེགས་དཔའ་བོའི་ཁྱིམ་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ཆུ་འཐུང་སྐབས་ཁྲོན་པ་འདྲུ་མཁན་བརྗེད་མི་རུང་། ང་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྩ་བ་ནས་བརྗེད་མི་རུང་བ་དང་། རྟེན་གཞི་རྙིང་པའི་ཁུལ་གྱི་མི་དམངས་རྩ་བ་ནས་བརྗེད་མི་རུང་ཞིང་། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་འཛུགས་སྐྲུན་དེ་བས་ཡག་པ་བྱས་ཏེ། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་མི་དམངས་ནས་འཚོ་བ་དེ་བས་ཡག་པ་སྐྱེལ་ཐུབ་པ་བྱེད་དགོས། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་དང་དབུལ་ཕོངས་ས་ཁུལ་གྱི་ལས་དོན་ཡག་པོ་སྒྲུབ་ཐོག རྟེན་གཞི་རྙིང་པའི་ཁུལ་གྱི་མང་ཚོགས་ཀྱི་འཚོ་བ་འགན་སྲུང་ཡག་པོ་བྱས་ནས། གསར་བརྗེའི་སྔོན་གཤེགས་དཔའ་བོ་གནས་བཟོད་བདེ་པོ་ཡོང་བ་བྱེད་དགོས། དམར་དམག་གི་རྗེས་རབས་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ཁྱིམ་མིས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པར་གོ་བསྐོན་བློ་འགུག་གི་ནུས་པ་དང་ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་ཡོད་པས། མི་རབས་སྔོན་མ་རྣམས་ཀྱི་དཔའ་བོའི་གཏམ་རྒྱུད་ཚང་མར་བརྗོད་དགོས་པ་དང་། གཞོན་ནུའི་མི་རབས་ལ་བརྗོད་ནས། མི་རྣམས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཏེ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཆེད་འབད་བརྩོན་བྱེད་དགོས་པའི་སྐུལ་མ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། རྟེན་གཞི་རྙིང་པའི་ཁུལ་གྱི་མི་དམངས་ཀྱི་འཚོ་བ་གང་འདྲ་ཡོད་མེད་ཐད་སེམས་ཁུར་གནང་གི་ཡོད་པའི་རྐྱེན་གྱིས། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ཤིན་རྫོང་ཐན་ཕུ་ཤང་ཐན་ཕུ་ཁུག་པ་ཆེན་མོའི་ཁུལ་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཡོད། འདི་ནི་ཐུན་མིན་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་གྲོང་ཚོ་ཞིག་ཡིན་པ་དང་། རྒྱབ་ཏུ་རི་དང་མདུན་དུ་ཆུ་བོ་ཡོད་ལ་མཛེས་ལྗོངས་ལྟ་ན་སྡུག་ཅིང་། ཀྲུང་ཡོན་རིག་གནས་དང་ཁྲུའུ་རིག་གནས། ཧུའེ་ཕེ་ཤོག་ཁག་གི་རིག་གནས་བཅས་ས་གནས་དེར་ཟུང་དུ་འབྲེལ་ཡོད།
ཉེ་ལམ་ལོ་ཤས་རིང་། གྲོང་ཚོ་དེས་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། ཚོང་ཁང་དང་མགྲོན་ཁང་ཆུང་ཆུང་20ལྷག་ལས་གཉེར་བྱས་ནས་གྲོང་མི་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་ཁྲིད་སྟོན་བྱས་ཡོད། ཞི་ཅིན་ཕིང་གིས་གྲོང་ཚོའི་རྐང་ལམ་བརྒྱུད་ནས་ལས་གཏོད་པའི་ཚོང་ཁང་རེ་རེའི་ནང་ཕེབས་ཏེ། ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་ཚོང་ཡུལ་དང་ཁྱིམ་ཚང་མགྲོན་ཁང་ནང་སྡོད་ཚད། ཚོང་ཁང་ཆུང་ཆུང་གི་ཚོང་གཉེར་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་ཡོད། ཁོང་གིས། ཤང་གྲོང་ཡུལ་སྐོར་གོང་འཕེལ་གཏོང་སྐབས་བཤིག་བཟོ་ཆེན་པོ་བྱེད་མི་རུང་བར། ཡུལ་བབ་དང་བསྟུན་ནས་སྣེ་ཁྲིད་བྱས་ཏེ། སྲོལ་རྒྱུན་གྲོང་ཚོ་སྒྱུར་བཀོད་ཡག་པོ་དང་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཕ་ཁྱིམ་ཞེས་པའི་ཁྱིམ་ཚང་མགྲོན་ཁང་དུ། ཞི་ཅིན་ཕིང་གིས་ཞབས་ཞུའི་སྒྲིག་ཆས་ལ་གཟིགས་ཞིབ་གནང་བ་དང་། མགྲོན་ཁང་གི་ཁང་བདག་ཧན་ཀོང་ཡིང་གི་ཁྱིམ་མི་དང་ལྷན་དུ་བཞུགས་ནས་བཀའ་མོལ་གནང་ཡོད། ཧན་ཀོང་ཡིང་གིས་སྤྱི་ཁྱབ་ཧྲུའུ་ཅིར། ཁོང་ནི་དམར་དམག་གི་རྗེས་རབས་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ཁྱིམ་མི་ཡིན་པ་དང་། ཉེ་ལམ་ལོ་ཤས་རིང་ཤང་གྲོང་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བྱུང་བ་མ་ཟད། ད་དུང་ཡུལ་མི་རྣམས་སྐུལ་སློང་བྱས་ཏེ་ཁྱིམ་ཚང་མགྲོན་ཁང་གཉེར་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད་ཅེས་གསུངས་ཡོད། ཞི་ཅིན་ཕིང་གིས་གསན་རྗེས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་དང་། ཁོང་གིས། ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ཐོན་ཁུངས་དང་སྦགས་མེད་འབྱུང་ཁམས་ཐོན་ཁུངས་ལ་བརྟེན་ནས་ཤང་གྲོང་ཡུལ་སྐོར་གོང་འཕེལ་བཏང་ནས་གྲོང་གསེབ་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བ་ནི་ཤང་གྲོང་དར་རྒྱས་གཏོང་ཐབས་ཡག་པོ་ཞིག་རེད་ཅེས་གསུངས་གནང་ཡོད་པ་རེད།
གྲོང་ཚོ་ནས་ཞལ་གྱེས་སྐབས། ཡུལ་མི་རྣམས་དང་ཡུལ་སྐོར་བ་རྣམས་ནས་གྲོང་ཚོའི་མདའ་རུ་མཉམ་དུ་འཛོམས་ཏེ། སྐད་གསང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང་། ཞི་ཀྲུའུ་ཞི་སྐུ་ཁམས་བཟང་ཞེས་འབོད་པ་དང་། ཞི་ཅིན་ཕིང་གིས་འཛུམ་དམུལ་དམུལ་ངང་ཚང་མར་ཕྱག་གཡུག་གཡུག་གནང་ཡོད། མི་ཚོགས་ཁྲོད་ཀྱི་སློབ་ཆུང་སློབ་མ་གཟིགས་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་དགྱེས་ཚོར་ཆེན་པོའི་ངང་མདུན་དུ་ཕེབས་ནས་ཁོང་ཚོའི་ལག་ཆུང་འཇུས་གནང་བ་དང་ངོ་གདོང་ལ་བྱིལ་བྱིལ་གནང་བ། སློབ་སྦྱོང་ཡག་པོ་བྱས་ནས་ཁྱོན་ཡོངས་གོང་འཕེལ་ཡོང་བ་བྱ་རྒྱུའི་སྐུལ་ལྕག་གནང་ཡོད།
ཞིན་ཡང་གྲོང་ཁྱེར་ཀོང་ཧྲན་རྫོང་ནི་ཏ་པེ་ཧྲན་རི་བོའི་གཅིག་སྡུད་ཡུག་གཅིག་སྒྲིལ་གྱི་དམིགས་བསལ་དབུལ་ཕོངས་ས་ཁུལ་དུ་གནས་ཤིང་། ཀྲུང་དབྱང་གཞུང་ལས་ཐིང་གི་གནས་གཏན་འཁེལ་གྱི་དབུལ་སྐྱོར་རྫོང་ཞིག་ཡིན། སྤྱི་ཚེས་17ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་ཀོང་ཧྲན་རྫོང་ཧོའི་ཏན་ཤང་སི་མ་ཀོང་ཡིའུ་ཁྲ་སྣུམ་ཤིང་གླིང་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཡོད། ཡིའུ་ཁྲ་སྣུམ་ཤིང་གླིང་གི་འགྲེམ་ཁུལ་དུ། ཞི་ཅིན་ཕིང་ནས་ཀོང་ཧྲན་རྫོང་གིས་ཡིའུ་ཁྲ་སྣུམ་ཤིང་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། དབུལ་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད།
ཆར་པ་སིམ་སིམ་བབ་པས། ཡིའུ་ཁྲ་སྣུམ་ཤིང་གླིང་གི་རྣམ་པ་སྔར་བས་སྔོ་ཞིང་ལྗང་བར་གྱུར། ཞི་ཅིན་ཕིང་ནས་ངལ་རྩོལ་བྱེད་བཞིན་པའི་གྲོང་མི་དང་དོ་དམ་མི་སྣ་དང་བཀའ་མོལ་གནང་བ་དང་། ས་ཡུལ་དངོས་ནས་ཡིའུ་ཁྲ་སྣུམ་ཤིང་གི་ཇ་ཤིང་འདེབས་འཛུགས་དང་འབྲས་བུ་བཏགས་ཚུལ་ལ་གཟིགས་གནང་ནས། ཡུལ་མི་ཚོའི་ཁྱིམ་ཚང་དང་གླ་པ་རྒྱུག་པར་འགྲོ་ཚུལ། དེ་བཞིན་ཡོང་འབབ་ཀྱི་གནས་ཚུལ་བཅས་བཀའ་འདྲི་གནང་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིར། ཉེ་བའི་ལོའི་ནང་། ཡིའུ་ཁྲ་སྣུམ་ཤིང་འདེབས་འཛུགས་ཀྱི་བཟོ་ལས་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། དབུལ་ཕོངས་དུད་ཁྱིམ་དབུལ་སྒྲོལ་ཐུབ་ནས། གྲོང་མི་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད་ཅེས་ཞུས་ཡོད། ཞི་ཅིན་ཕིང་གིས། རི་རྒོད་བེད་སྤྱད་དེ་ཡིའུ་ཁྲ་སྣུམ་ཤིང་འདེབས་འཛུགས་ཁྱབ་གདལ་བཏང་ཚེ། མང་ཚོགས་ཐག་ཉེ་ས་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་མ་ཐེབས་ཐུབ་པ་དང་། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་ཐུབ་ལ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཐུབ་ནས། གཅིག་གོ་མང་ཆོད་ཡོང་ཐུབ་ཅེས་ནན་སྟོན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཞིང་པ་སྒྲིག་འཛུགས་བྱེད་པ་དང་། ཁྲོམ་རར་ཁ་ཕྱོགས་པ། ཀུང་སིའི་ཐོག་ཞིང་དུད་སྣོན་པའི་མ་དཔེ་ཁྱབ་གདལ་གཏོང་བ། ཁེ་ཕན་གྱི་མཉམ་འགུལ་སྒྲིག་གཞི་འཛུགས་པ་བཅས་བྱས་ཏེ། ཕྱོགས་ཁག་ཚང་མར་ཕན་པ་ཐོབ་པ་བྱེད་དགོས། སྦགས་མེད་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལག་རྩལ་གསར་པ་ཁྱབ་གདལ་གཏོང་བ། ལས་སྣོན་ཞིབ་ཚགས་བྱ་རྒྱུ་གོང་འཕེལ་གཏོང་བ། ཡིའུ་ཁྲ་སྣུམ་ཤིང་ལས་སྒོ་སྔར་བ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་ཞིང་པར་འབབ་འཕར་ཡོང་བ། སྐྱེ་ཁམས་ལེགས་སུ་འགྲོ་བ་བཅས་བྱ་དགོས་ཞེས་གསུངས་ཡོད།
དེ་རྗེས། ཞི་ཅིན་ཕིང་རླངས་འཁོར་ལ་ཞུགས་ཏེ་ཀོང་ཧྲན་རྫོང་ལྷོ་ནུབ་རྒྱུད་ཀྱི་ཝུན་ཧྲུའུ་ཤང་ཏུང་ཡུའེ་གྲོང་ཚོར་ཕེབས་ཡོད། གྲོང་ཚོ་དེར་དེ་སྔ་ཡིག་ཚགས་དང་གཱ་ཤོག་བཟོས་པའི་དབུལ་ཕོངས་དུད་ཁྱིམ་145དང་མི་གྲངས་585ཡོད་ཅིང་། དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན་དང་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག སྤྱི་ལོ་2018ལོར་གྲོང་ཚོ་ཡོངས་དབུལ་སྒྲོལ་ཐུབ་ཡོད། ཞི་ཅིན་ཕིང་གྲོང་ཚོའི་རིག་གནས་སྣེ་ལེན་ལྟེ་གནས་སུ་ཕེབས་ནས། ཀོང་ཧྲན་རྫོང་གི་དབུལ་སྒྲོལ་ལས་དོན་དང་ཀྲུང་དབྱང་གཞུང་ལས་ཐིང་གིས་ཀོང་ཧྲན་རྫོང་དུ་དབུལ་སྐྱོར་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་ཡོད། ལོ་འདི་དག་ནང་། ཏུང་ཡུའེ་གྲོང་ཚོས་མཚར་སྡུག་བཀྲ་བའི་ཞིང་ར་ཞེས་པའི་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། གྲོང་ཚོའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་བཙུགས་ཏེ། གྲོང་ཚོའི་ནང་གི་ཞིང་ཞོར་ཐོན་རྫས་རྒྱལ་ཡོངས་ས་གནས་ཁག་ཏུ་ཕྱིར་འཚོང་བྱེད་ཀྱི་ཡོད། ཞི་ཅིན་ཕིང་ནས་འབྲས་བཙོས་མ་དང་ཟླ་མཆོད་བག་ལེབ། ཚ་བསྙལ་བྱ་གག་སྒོ་ང་། ཕག་ནག་བསྙལ་ཤ ཞོག་དམར་ཕྱེ་ཐག འབྲས་ཆང་མངར་མོ་སོགས་དང་། ཀོང་ཧྲན་གྱི་བྱ་སྤུའི་གྱོན་ཆས་སོགས་ཁྱད་ལྡན་ཐོན་རྫས་ལ་ལྟ་ཞིབ་གནང་བ་དང་། ཐོན་རྫས་ཀྱི་ཁྲོམ་རའི་འཚོང་ལམ་དང་གྲོང་མི་དབུལ་སྒྲོལ་ཐུབ་རྒྱུར་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་འདྲ་ཐུབ་མིན་བཀའ་འདྲི་ཞིབ་ཕྲ་གནང་ཡོད། ཁོང་གིས། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་དང་མྱུར་སྐྱེལ་ལས་སྒོ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། ཞིང་ལས་ཐོན་རྫས་ཀྱི་ཕྱིར་འཚོང་ཐབས་ལམ་རྒྱ་སྐྱེད་གཏོང་བ། ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་པ། གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་དང་། རྒྱས་སྤྲོས་ཆེ་བའི་ཐུམ་སྒྲིལ་བཀག་འགོག་བྱས་ནས། འཕྲོ་བརླག་མི་འགྲོ་བ་དང་ཁོར་ཡུག་ལ་སྦགས་བཙོག་མི་བཟོ་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
ཀོང་ཧྲན་རྔ་རྡུང་ཟློས་གར་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་གཞུང་ནང་ཚུད་ཡོད། རྔ་རྡུང་ཟློས་གར་གྱི་འཁྲབ་སྟོན་པ་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་རྔ་རྡུང་ཟློས་གར་གྱི་འཁྲབ་སྟོན་སྤྱན་འབུལ་ཞུས་པས། མི་རྣམས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་ཡོད།
ཞི་ཅིན་ཕིང་ནས་ཀྲུང་དབྱང་གཞུང་ལས་ཐིང་གིས་ཀོང་ཧྲན་རྫོང་དུ་འགན་གནས་སོར་བཞག་གི་དབུལ་སྐྱོར་བྱེད་པར་མངགས་པའི་བློ་མཐུན་ལ་མཇལ་འཕྲད་གནང་བ་མ་ཟད། ས་གནས་དེའི་དབུལ་སྒྲོལ་ཕྱུག་འགྱུར་སྣེ་ཁྲིད་པར་བྱམས་བརྩེའི་བཀའ་མོལ་གནང་ཡོད། ཞི་ཅིན་ཕིང་གིས། ཀོང་ཧྲན་རྫོང་གིས་ད་ལོ་དབུལ་ཕོངས་རྫོང་གི་དབུལ་ཞྭ་ཕུད་ཡོད། ཡིན་ནའང་འགག་གཏོར་གྱི་སྙིང་སྟོབས་ལ་ལྷོད་གཡེངས་གཏོང་མི་རུང་། མཛེས་སྡུག་ལྡན་པའི་འཚོ་བར་རེ་སྙེག་བྱེད་པ་ནི་ཇི་སྲིད་བར་གྱི་བརྗོད་དོན་གཙོ་བོ་ཞིག་ཡིན་ལ། ནམ་ཡང་སྒྲུབ་བཞིན་པ་ལས་བསྒྲུབས་ཚར་བའི་དུས་མེད་ཅེས་གསུངས་ཡོད།
ཞི་ཅིན་ཕིང་གིས། དབུལ་སྒྲོལ་འགག་གཏོར་བྱེད་པར་རིག་སྟོབས་ཀྱི་ཟུར་སྐྱོར་བྱེད་དགོས་ལ་སྙིང་སྟོབས་ཀྱི་ཟུར་སྐྱོར་ཡང་བྱེད་དགོས། གཅིག་ནས་རྒྱུ་དངུལ་གྱི་རོགས་རམ་བྱེད་དགོས་ལ་དེ་བས་ཀྱང་རང་ངོས་གོང་འཕེལ་གཏོང་བའི་ནུས་པ་གསོ་སྐྱོང་བྱེད་དགོས་པ་དང་། རང་ངོས་གོང་འཕེལ་གཏོང་བའི་སྒྲིག་གཞི་བཙུགས་ནས་ཕྱུག་འགྱུར་གྱི་ནང་སྐྱེད་སྒུལ་ཤུགས་ཆེ་རུ་བཏང་སྟེ། དབུལ་ལོག་མ་ཐེབས་པ་བྱེད་དགོས། རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བར་དབུལ་སྒྲོལ་ཐུབ་པ་བྱེད་དགོས་པ་མ་ཟད་ཕྱུག་འགྱུར་ཡོང་བ་བྱེད་དགོས་པ་དང་། མུ་མཐུད་ཕྱུག་འགྱུར་ལམ་བུའི་ཐོག་མདུན་བསྐྱོད་ཀྱིས་དེ་བས་འབྱོར་ཕྱུག་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་དགོས། དབུལ་སྒྲོལ་འགག་གཏོར་ནི་མི་དམངས་ཀྱིས་རྒྱབ་སྐྱོར་བྱེད་པའི་དམངས་སེམས་ལས་གཞི་ཞིག་ཡིན། ཏང་གི་སྲིད་ཇུས་ག་ཚོད་ཀྱིས་ཡག་པོ་ཡོད་ཀྱང་དེ་དག་ནི་ཚང་མས་དོན་འཁྱོལ་བྱེད་པར་བརྟེན་དགོས་ཀྱི་ཡོད། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་དེ་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འགྱུར་བ་བྱས་ཏེ། ཏང་ཀྲུང་དབྱང་གིས་བཏོན་པའི་ལས་འགན་གལ་ཆེན་དག་གཞི་རིམ་གྱི་ལས་དོན་དངོས་ལ་འགྱུར་བ་བྱེད་དགོས་པ་དང་། དམ་པོར་འཛིན་པ་དང་དངོས་སྒྲུབ་པ། ཕན་འབྲས་དངོས་ཐོན་པ་བཅས་བྱ་དགོས་ཞེས་བསྟན་གནང་ཡོད།
སྤྱི་ཚེས་17ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཀྲེང་ཀྲའུ་རྡོ་སོལ་གཏེར་ཁ་འཕྲུལ་ཆས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ཡོད། དེ་ནི་རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་ཤིག་ཡིན་པ་དང་། ལོ་ངོ་60ལྷག་གི་གོང་འཕེལ་བརྒྱུད། འཛམ་གླིང་ཐོག་རྡོ་སོལ་གཏེར་ཁ་ཕྱོགས་བསྡུས་སྔོག་འདོན་ལག་རྩལ་དང་སྒྲིག་ཆས་མཁོ་འདོན་ཚོང་པ། རྒྱལ་སྤྱིའི་སྔོན་ཐོན་གྱི་རླངས་འཁོར་ལྷུ་ལག་བཟོ་སྐྲུན་ཁེ་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཁེ་ལས་འགྲེམས་ཁང་ནང་། ཞི་ཅིན་ཕིང་གིས་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་དང་། ཕྱི་རྒྱལ་དུ་མཉམ་ཉོ་བྱེད་པ། ཐོན་ལས་བརྗེ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོ་སྤྲོད་གསན་གནང་ཡོད་པ་རེད།
སྤྱིའི་སྒྲིག་ཆས་ཀྱི་འཁོར་ཁང་ནང་། རྡོ་སོལ་གཤེར་གནོན་སྒྲོམ་གཞིའི་ཐོན་རྫས་གྲལ་སྟར་སྒྲིག་པོའི་ངང་ནས་བཞག་ཡོད་པ་དང་། ཞི་ཅིན་ཕིང་གིས་གཤེར་གནོན་སྒྲོམ་གཞིའི་བེད་སྤྱོད་བྱེད་སྟངས་ལ་ནན་ཏན་ངང་ གཟིགས་ཡོད། ཁོང་གིས། བཟོ་སྐྲུན་ལས་རིགས་ནི་དངོས་གཟུགས་དཔལ་འབྱོར་གྱི་རྨང་གཞི་ཡིན་པ་དང་། དངོས་གཟུགས་དཔལ་འབྱོར་ནི་རང་རྒྱལ་གོང་འཕེལ་འགྲོ་བའི་མ་རྩ་ཡིན་པ། འབྱུང་འགྱུར་གོང་འཕེལ་འཐབ་ཇུས་བཟང་ཆ་བསྐྲུན་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། ཐོན་ལས་རིམ་སྤོར་བྱ་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་དགོས་པ་དང་། རང་བརྟེན་གསར་སྐྲུན་ལ་ཤུགས་སྣོན་རྒྱག་པ། མཐོ་རིམ་བཟོ་སྐྲུན་གོང་འཕེལ་གཏོང་བ། རིག་ནུས་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་དང་དངོས་གཟུགས་དཔལ་འབྱོར་གོང་འཕེལ་གཏོང་བ། རང་རྒྱལ་གྱི་དཔལ་འབྱོར་དེ་གྲངས་འབོར་མང་བ་ནས་སྤུས་ཚད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཏན་ཏིག་ཡོང་བ་བཅས་བྱེད་དགོས།
རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་པ་དང་། ཀྲུང་ཧྭ་ཤེས་དཔལ་གྱི་འབྱུང་གནས་ཀྱང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་གོང་འཕེལ་འགྲོ་བའི་གནས་ཚུལ་ལ་རྟོག་ཞིབ་ཐེངས་མང་གནང་ཡོད། གཙང་གསུམ་འབྱུང་ཡུལ་དང་། མདོ་ལ་རི་བོ། ཆིན་ལིང་སོགས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་ བླང་བྱ་བཏོན་གནང་ཡོད། སྤྱི་ཚེས་17ཉིན་ཕྱི་དྲོ། ཞི་ཅིན་ཕིང་གིས་རྨ་ཆུའི་དངོས་མང་བཤམས་སྟོན་ཁང་དུ་ཕེབས་པ་དང་། འགྲེམས་ཁང་དུ་ཕེབས་ནས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཡོད། རྨ་ཆུ་རྒྱུག་ཁུལ་གྱི་ཤེས་དཔལ་གོང་འཕེལ་དང་། ཆུ་སྐྱོན་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ལོ་རྒྱུས་འཕོ་འགྱུར་མཁྱེན་རྟོགས་གནང་ཡོད། ཞི་ཅིན་ཕིང་གིས་འགྲེམས་སྟོན་བྱས་པའི་རིག་དངོས་ཀྱི་མ་དཔེ་དང་། ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ། པར་དང་རེའུ་མིག་བཅས་ལ་ཞིབ་ཕྲ་གཟིགས་པ་དང་། འབྲེལ་ཡོད་གནད་དོན་ཐད་ཁོང་ཚོ་དང་སྤེལ་རེས་གནང་ཡོད་ཅིང་། རྨ་ཆུའི་ཆུ་སྐྱོན་ཀྱི་འཐབ་རྩོད་ནང་ཀྲུང་ཧྭ་མི་རིགས་ཀྱིས་དཔའ་མི་ཞུམ་པ་དང་། དཔའ་ངར་ཆེར་སྐྱེད་ཀྱི་འབད་འཐབ་བྱས་པའི་སྙིང་སྟོབས་ལ་གདེང་འཇོག་གང་ལེགས་གནང་ཡོད།
ཞི་ཅིན་ཕིང་དེ་རྗེས་རླངས་འཁོར་ལ་བཞུགས་ནས་རྨ་ཆུ་རྒྱལ་ཁབ་ས་གཤིས་སྤྱི་གླིང་ལིན་ཧོ་ཐང་ཆེན་དུ་ཕེབས་པ་དང་། རྨ་ཆུའི་ཉེ་འགྲམ་དུ་ཞབས་ཐང་ལ་ཕེབས་ནས་ཉེ་འཁོར་གྱི་ཁོར་ཡུག་ལ་གཟིགས་པ་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། ཆུའི་ཐོན་ཁུངས་བེད་སྤྱོད། ཆུ་རགས་འཛུགས་སྐྲུན། ཆུ་ལོག་འགོག་པའི་དུས་བབ་སོགས་ཀྱི་སྐོར་གསན་པ་རེད། ལིན་ཧོ་ཐང་ཆེན་གྱི་ལྗོངས་གཟིགས་སྟེགས་བུར་ཕེབས་ནས་ཞི་ཅིན་ཕིང་གིས་རྨ་ཆུའི་ཀྲེན་ཀྲོའུ་དུམ་མཚམས་ལ་རྒྱང་གཟིགས་གནང་བ་རེད། ཞི་ཅིན་ཕིང་གིས། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སྐབས་སུ་བློ་མཐུན་མའོ་ཙེ་ཏུང་གིས་རྨ་ཆུའི་དོན་དག་ཡག་པོ་བསྒྲུབ་དགོས་ཞེས་པའི་འབོད་སྐུལ་རླབས་པོ་ཆེ་གནང་ཡོད། ལོ་བདུན་ཅུའི་ནང་། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་རྨ་ཆུ་བཅོས་སྐྱོང་བྱ་གཞག་གི་ལེའུ་གསར་པ་གཏོད་པ་དང་། རྨ་ཆུའི་རྔམ་བརྗིད་ཆེ་བའི་ལོ་རྒྱུས་བྱས་རྗེས་གཏོད་ཡོད། ལག་ལེན་དངོས་ཀྱིས་ར་སྤྲོད་བྱས་པར། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆ་འདོན་སྤེལ་བྱས་པས། རྨ་ཆུ་བཅོས་སྐྱོང་དེ་གཞི་ནས་གཞན་དབང་ནས་རང་འགུལ་ཅན་དུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། རྨ་ཆུའི་ཆུ་རགས་ལོ་གསུམ་ནང་ཐེངས་གཉིས་རེ་ཤོར་བའི་ཡིད་སྐྱོ་བའི་གནས་ཚུལ་ལ་རྩ་བ་ནས་འགྱུར་ལྡོག་གཏོང་ཐུབ་ཡོད་ཅེས་བསྟན་འདུག
སྤྱི་ཚེས་18ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་། ཧོ་ནན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གནང་ཡོད། ཞི་ཅིན་ཕིང་གིས། མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་དུས་བབ་ཡག་པོ་ཡོད། ཡིན་ནའང་རྒྱལ་སྤྱིའི་དུས་བབ་སྣེ་མང་རྙོག་འཛིང་ཆེན་པོ་ཡོད་པས། རང་རྒྱལ་གྱི་འཕེལ་རྒྱས་ལ་ཉེན་ཁ་དང་འགྲན་རྩོད་གསར་པ་འཕྲད་ཡོད། ང་ཚོས་ངེས་པར་དུ་རང་ཉིད་ཀྱི་དོན་དག་ཡག་པོ་བསྒྲུབ་དགོས། རེ་བར་ཧོ་ནན་གྱི་རྒྱ་ཆེའི་མང་ཚོགས་ཀྱིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འོག སེམས་ཤུགས་བརྟན་པོ་དང་། དཀའ་སྤྱད་འབད་འཐབ་ཀྱིས། གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་དགོས་པ་དང་། ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་དང་། དུས་རབས་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་གྲུབ་འབྲས་གསར་པ་དེ་བས་ཆེ་བ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། དཔལ་འབྱོར་སྤུས་ཚད་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་། དབུས་རྒྱུད་ས་ཁུལ་དར་རྒྱས་འགྲོ་བ་བྱེད་པའི་འཐབ་ཇུས་གོ་སྐབས་དམ་འཛིན་བྱེད་དགོས། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་གཞིས་རྐང་འཛུགས་པ་དང་། བཟང་ཆ་དར་སྤེལ་དང་སྐྱོན་ཆ་སེལ་ཐབས་བྱས་ཏེ། བཟོ་སྐྲུན་ལས་རིགས་སྤུས་ཚད་ལེགས་པའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་དེ་ཉིད་ནུས་ཤུགས་འདོན་ས་གཙོ་བོར་བྱེད་པ། གསར་སྐྲུན་དེ་ཉིད་གནས་བབ་ཧྲིལ་པོ་འཕེལ་རྒྱས་གཏོང་བའི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། མི་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བ། བསྒྱུར་བཅོས་ཀྱི་བྱ་ཐབས་ཐོག་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་མཁས་པོ་བྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ནང་ཧུར་ཐག་ཞུགས་པ། ནང་ལོགས་སྐམ་སའི་སྒོ་དབྱེ་མགྱོགས་སུ་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཏན་ཏིག་བྱེད་པ་དང་། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་བསྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་འབྲུ་རིགས་ཀྱི་འགྲན་རྩོད་ནུས་པ་དམ་འཛིན་གང་ལེགས་བྱེད་པ། ཞིང་ལས་ཀྱི་གྲུབ་གཞི་ལེགས་སྒྱུར་ཟམ་མི་ཆད་པར་བྱེད་པ། སྤུས་ལེགས་འབྲུ་རིགས་ཀྱི་ལས་གྲྭར་སྐུལ་འདེད་གཏིང་ཟབ་གཏོང་བ། རྨོ་ཞིང་སྲུང་སྐྱོང་དང་ས་ནུས་མཐོར་གཏོང་ལ་དམ་འཛིན་ཡག་པོ་བྱེད་པ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། འབྲུ་རིགས་ཁྲོམ་ར་དང་འཁོར་རྒྱུག་ལས་དོན་ཡག་པོ་སྒྲུབ་པ། ས་ཆའི་ལམ་ལུགས་བསྒྱུར་བཅོས་ལ་བརྟན་པོའི་སྒོ་ནས་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་གཏོར་འཐབ་ཇུས་དབར་གྱི་ནུས་ལྡན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས། གྲོང་གསེབ་དར་རྒྱས་ཁྲོད་ཞིང་ལས་སྟོབས་ཆེའི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་མཐོང་ཆེན་བྱས་ཏེ། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་འབྱུང་རྩའི་ཐོག་ནས་ཐག་གཅོད་བྱེད་པ། ཐོན་ལས་གྲུབ་གཞི་དང་ནུས་ཁུངས་གྲུབ་གཞི་རིམ་འཕར་ལེགས་སྒྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། གནོད་མེད་དང་ཐན་ཉུང་འཁོར་སྐྱོད་བཅས་ཀྱི་ཐོག་ནས་འཕེལ་རྒྱས་གཏོང་བའི་དཔལ་འབྱོར་མ་ལག་ཧུར་ཐག་སྒོ་ནས་སྐྲུན་པ། གནམ་སྔོ་ཞིང་། ཆུ་མོ་དྭངས་བ། ས་གཙང་བ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། རི་བོ་དང་ཆུ་མོ་ནགས་ཚལ་ཞིང་ས་མཚེའུ་རྩྭ་ཐང་བཅས་ལ་སྲུང་སྐྱོབ་བྱེད་པའི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས། རྨ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། རང་བྱུང་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་ལྷིང་རང་བཞིན་མཐོར་གཏོང་བྱ་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། དམངས་འཚོ་འགན་ལེན་དང་ལེགས་བཅོས་ཏན་ཏིག་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སྒྲུབ་པ་དང་ནུས་པར་དཔག་ནས་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་། དགོས་མཁོ་ཆེ་བ། རེ་སྒུག་བྱེད་པ་བཅས་ཀྱི་དམངས་འཚོའི་དོན་དངོས་གནས་ཚུལ་ཐག་གཅོད་ཡག་པོ་བྱེད་པ། རི་བོ་གསུམ་དང་གྲམ་ཐང་གཅིག་དང་ལྷག་པར་དུ་རི་བོ་ཏ་པེ་ཧྲན་གྱི་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་སོགས་ཆེས་དབུལ་བའི་ས་ཁུལ་དང་དམིགས་བསལ་དབུལ་ཕོངས་མང་ཚོགས་ཀྱི་དབུལ་སྒྲོལ་འགག་གཏོར་ལས་དོན་ཐད་གཅིག་སྡུད་བྱས་ནས། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ། ལས་ཞུགས་དང་ལས་གཏོད་བྱ་ཐབས་དེ་བས་མང་བ་འདོན་རྒྱུར་སྐུལ་ལྕག་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་འཐིམ་པའི་དམག་མི། ལས་ཤོར་ལས་བཟོ་བ། ཞིང་པ་ལས་མི། གྲོང་གསེབ་དུ་ཕྱིར་ལོག་པའི་མི་སྣ་སོགས་མི་ཚོགས་གཙོ་བོའི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་སྤྱི་ཚོགས་ཀྱི་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས། མི་དམངས་མང་ཚོགས་ལ་བདེ་སྡོད་ལས་སྤྲོའི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། རིག་གནས་དར་ཞིང་རྒྱས་པར་སྐུལ་འདེད་གཏོང་བ་དང་། ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། གསར་སྐྲུན། འཕེལ་རྒྱས་བཅས་གཏོང་བ། འདུ་ཤེས་འཛིན་སྟངས་ཐད་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ། སྨྱན་སྦྱོར་མཉམ་འདྲེས་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་། སྣ་མང་སྨྱན་སྦྱོར་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ། དྲ་བའི་ནང་དོན་འཛུགས་སྐྲུན་ལ་སྔར་བས་མཐོང་ཆེན་བྱེད་པ་བཅས་ཀྱི་ཐོག་ནས། དྲ་བའི་བར་ཁམས་ནང་དྲང་བདེན་གྱིས་ཁེངས་པ་བྱ་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ནང་། ཁག་དང་པོ་མཇུག་འགྲིལ་ཟིན་ཡོད། ཁག་གཉིས་པ་འགོ་བཙུགས་ཙམ་ཡིན། རིམ་ཁག་ཏང་ཨུད་ཀྱིས་ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཕྱོགས་སྡོམ་དང་བེད་སྤྱོད་ཡག་པོ་གཏོང་བ་དང་། ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ། ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བང་རིམ་གཤམ་གཏོང་བྱེད་པ། ལས་དོན་སྤེལ་རྒྱ་ཆེ་རུ་གཏོང་བ། རིགས་དབྱེའི་མཛུབ་སྟོན་ལ་དོ་སྣང་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུར་དོ་སྣང་བྱེད་པ། ཐོག་མའི་དུས་མཚམས་ཀྱི་སློབ་གསོར་དོ་སྣང་བྱེད་པ། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་། སེམས་ཁྲལ་ཆེ་ཤོས་བྱེད་ས། རེ་སྒུག་ཆེ་ཤོས་བྱེད་ས། ཛ་དྲག་ཤོས་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དོ་སྣང་བྱེད་པ་བཅས་ཀྱི་ཐོག་ནས། ཏང་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་བླང་བྱ་ཁག་དོན་ཐོག་ཏུ་ཏན་ཏིག་ངང་འཁྱོལ་བ་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ཨེ་ཡུས་ཝན་སུའུ་ཝེ་ཨའེ་ཁུལ་གྱི་གསར་བརྗེའི་རྟེན་གཞི་ནི་ང་ཚོའི་ཏང་གི་ཏང་འཛུགས་རྟེན་གཞི་གལ་ཆེན་ཡིན་པ་དང་། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དང་། དར་དམར་ཆུ་ཡུར་གྱི་སྙིང་སྟོབས། རི་བོ་ཏ་པེ་ཧྲན་གྱི་སྙིང་སྟོབས་སོགས་ཚང་མ་ནི་རང་རེའི་ཏང་གི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཡིན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གསར་བརྗེའི་སློབ་གསོ་དང་ལེན་བྱེད་པའི་ནང་ཐོག་མའི་བསམ་འདུན་སྲུང་ཞིང་འགན་འཁྲི་འཁུར་ནས། གསར་བརྗེའི་སྔོན་གཤེགས་དཔའ་བོས་གསར་བརྗེའི་ཆེད་འབད་འཐབ་དང་། གསར་བརྗེའི་ཆེད་རང་སྲོག་བློས་གཏོང་གནང་བའི་རླབས་ཆེན་བྱ་གཞག་ཆེད་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱ་དགོས་ཞེས་བསྟན་གནང་ཡོད།
ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཧོ་ལི་ཧྥེང་བཅས་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་གནང་བར་ཕེབས་རོགས་ཞུས་ཡོད།
རྟོག་ཞིབ་གནང་རིང་། ཞི་ཅིན་ཕིང་གིས་ཀྲེང་ཀྲོའུ་རུ་ཧོ་ནན་དུ་བཅའ་སྡོད་དཔུང་སྡེའི་ཧྲེ་ཤོག་གཞོན་པ་ཡན་གྱི་གོ་གནས་ཡོད་པའི་འགོ་ཁྲིད་ལས་བྱེད་པ་དང་ཐོན་ཤོག་རིམ་པའི་ལས་ཁུངས་ཀྱི་འགོ་ཁྲིད་གཙོ་བོ་བཅས་དང་མཇལ་འཕྲད་གནང་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་ཧོ་ནན་དུ་བཅའ་སྡོད་བྱས་པའི་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་བ་མ་ཟད། ཚང་མ་དང་དྲན་རྟེན་སྐུ་པར་བསྐྱོན་ཡོད། ཀྲང་ཡིའུ་ཞ་ཡིས་མཇལ་འཕྲད་གནང་སྐབས་ཕེབས་རོགས་ཞུས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།