ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སི་ཁྲོན་དཀར་མཛེས་རྫོང་གི་ཐག་རིང་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་སློབ་གྲྭས་སྐབས་དང་པོར་སློབ་མ་1717བསུས་པ་རེད།

སྤེལ་དུས 2019-09-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

འདི་ནི་བྱེད་སྒོ་སྤེལ་བའི་ཡུལ་དངོས་ཡིན།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྐྱི་བསེར་རླུང་གིས་འདུན་མའི་གཡོར་གྲུ་རྒྱང་ལ་འཐེན། །དཔྱིད་ཀྱི་དཔལ་ཡོན་སྟོན་གྱི་འབྲས་བུའི་མཛད་པ་འབྲི། ། ཟླ་9པའི་ཚེས་17ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། འབྲས་བུ་སྨིན་ཞིང་ཕུགས་བསམ་རྒྱས་པའི་དུས་ཚིགས་འདིར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གི་ཐག་རིང་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་སློབ་གྲྭས་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། ཁུལ་དང་རྫོང་གི་འགོ་ཁྲིད། མཛའ་གྲོགས་སློབ་གྲྭ་ཁག་གི་སློབ་གཙོ། ཁྱིམ་བདག་གི་འཐུས་མི། དགེ་སློབ་བཅས་མི་2000ལྷག་མཉམ་དུ་འཛོམས་ནས་སློབ་གྲྭ་འདིའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཞིང་འོད་སྟོང་འཕྲོ་བའི་དུས་ཁྱད་པར་ཅན་འདི་ལ་མཉམ་དུ་དཔང་པོ་བྱས།

འདི་ནི་བྱེད་སྒོ་སྤེལ་བའི་ཡུལ་དངོས་ཡིན།
        བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་པ་དང་། དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ། ཆིང་སྒང་མཐོན་པོར་སྒྲེང་བ། གང་སར་དགའ་སྤྲོའི་རྣམ་པས་ཁེངས་པ་བཅས་དུས་ཆེན་གྱི་རྣམ་པས་ཡོངས་སུ་ཁེངས་ཤིང་། བརྗིད་ཅིང་བརླིང་བའི་རྒྱལ་གླུ་ལེན་བཞིན་སློབ་ཚུགས་མཛད་སྒོ་དངོས་སུ་མགོ་བརྩམས་པ་རེད། 
དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་རྫོང་ཨུའི་ཧྲུའུ་ཅི་ལུའེ་ཅན་ཕིང་གིས་ཤིས་ཚིག་ཕུལ་བ་དང་ཆབས་ཅིག་དཀར་མཛེས་རྫོང་ཐག་རིང་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་སློབ་གྲྭ་དངོས་སུ་སློབ་འགོ་ཚུགས་པར་ཁྱབ་བསྒྲགས་ཀྱང་གནང་བ་རེད།
        ཤེས་ལྡན་མི་སྣ་སྐྱེད་སྲིང་སློབ་གྲྭ་ནི་སྤུས་ཚད་མཐོ་ལ་དེང་རབས་ཅན་གྱི་གཞུང་བཙུགས་སློབ་ཆུང་ཞིག་ཡིན་པ་དང་། ཐག་རིང་འབྲོག་ཁུལ་གྱི་སློབ་གསོའི་ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་བཏང་ནས། སློབ་གསོས་བློ་གྲོས་རྒྱས་རོགས་བྱེད་པ་དང་རིག་སྟོབས་རྒྱས་རོགས་བྱེད་པར་ཤུགས་བསྣན་ཏེ་ཐག་རིང་འབྲོག་ཁུལ་གྱི་སློབ་མའི་སློབ་ཞུགས་དང་བརྟན་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བ་དང་། སློབ་ཁྲིད་སྤུས་ཚད་མཐོར་འདེགས་ཀྱིས་སློབ་ལོ་རན་པའི་བྱིས་པར་གྲོང་ཁྱེར་གྱི་སྤུས་ལེགས་སློབ་གསོ་མྱོང་ཐུབ་པར་བྱེད་པའི་སློབ་གྲྭ་ཞིག་ཡིན། སློབ་གྲྭ་དེ་དཀར་མཛེས་རྫོང་གི་གྲོང་ཁུལ་གསར་པར་ཆགས་པ་དང་ས་ཁྱོན་མུའུ་70ཟིན་ཅིང་འཛིན་གྲྭ་36བཙུགས་ཡོད། ཟླ་9པར་ཤེས་ལྡན་མི་སྣ་སྐྱེད་སྲིང་སློབ་གྲྭས་སྐབས་དང་པོར་འབྲོག་ཁུལ་གྱི་སློབ་མ་1717བསུས་པ་རེད།
        རྒྱུས་ལོན་བྱུང་བ་ལྟར་ན། དཀར་མཛེས་རྫོང་གི་ཐག་རིང་ཞིང་འབྲོག་ས་ཁུལ་གྱི་མི་འབོར་ཉུང་ཞིང་ཁ་འཐོར་བསྡད་དེ་འགྲིམ་འགྲུལ་སྟབས་མི་བདེ་རྐྱེན་གཞིས་ལྷུང་བྱིས་པ་ཅུང་མང་པོ་ཡོད། ས་ཁམས་ཁོར་ཡུག་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་སོགས་ཀྱིས་སློབ་མའི་དུས་ཚིགས་རང་བཞིན་གྱི་སློབ་ཤོལ་གནས་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད། དགེ་རྒན་གྱི་ལས་ཀའི་ཁོར་ཡུག་ཞན་ཞིང་གཏན་ཆགས་མིན་པས་སློབ་ཁྲིད་ཀྱི་སྤུས་ཚད་མར་ཆག་ནས་ཡར་བསྐྱེད་འབྱུང་དཀའ་བར་གནས། ཐག་རིང་འབྲོག་ཁུལ་གྱི་བྱིས་པར་སློབ་གསོ་དེ་བས་ལེགས་པོ་ཐོབ་ཆེད། དཀར་མཛེས་རྫོང་གིས་མ་དངུལ་སྒོར་ཁྲི་10572བཏང་བའི་ནང་ཨར་ལས་བཟོ་སྐྲུན་ཐད་མ་དངུལ་སྒོར་ཁྲི་8962བཏང་བ་དང་། བཟོ་བཀོད་སྒྲིག་ཆས་ཐད་མ་དངུལ་སྒོར་ཁྲི་1610བཏང་སྟེ་དཀར་མཛེས་རྫོང་གི་ཐག་རིང་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་སློབ་གྲྭ་བཙུགས་ཤིང་། ལས་གཞི་དེར་སློབ་ཁྲིད་ཀྱི་ཁང་པ་དང་སློབ་མའི་ཉལ་ཁང་། དགེ་རྒན་གྱི་ལས་ཤག  ཟ་ཁང་། ཚད་ལྡན་ལུས་རྩལ་རྭ་བ་བཅས་འདུས། མིག་སྔར་སློབ་གྲྭ་དེར་ཁྱོན་བསྡོམས་དགེ་རྒན་དང་ལས་བཟོ་བ་170དང་སློབ་གྲྭར་གནས་པའི་སློབ་མ་1717ཡོད། 
        རྫོང་དེའི་སློབ་གསོ་ལུས་རྩལ་ཅུས་ཀྱི་འགན་འཁུར་བས་མཚམས་སྦྱོར་གནང་བ་ལྟར་ན། དཀར་མཛེས་རྫོང་གི་ཐག་རིང་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་སློར་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེས་ཐག་རིང་འབྲོག་ཁུལ་གྱི་སློབ་མའི་སློབ་ཞུགས་དང་བརྟན་ཚད་ནུས་ལྡན་ངང་ཇེ་ལེགས་སུ་འགྲོ་རྒྱུ་དང་། “སློབ་གྲྭར་འགྲོ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པ”དང་“སློབ་གསོའི་དབུལ་སྐྱོར་”གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་སྟེ་ཐག་རིང་འབྲོག་ཁུལ་གྱི་སློབ་ལོ་རན་པའི་བྱིས་པ་ཚོར་གྲོང་ཁུལ་གྱི་སྤུས་ལེགས་སློབ་གསོ་མྱོང་དུ་བཅུག་ནས་“སློབ་གྲྭར་འགྲོ་རྒྱུ་ཡོད་པ་”དང་“སློབ་གྲྭ་བཟང་བོར་འགྲོ་བའི”གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་རྒྱུ། དེ་མིན་འབྲོག་པའི་བྱང་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པ་མ་ཟད། འབྲོག་ཁུལ་གྱི་བརྟན་ལྷིང་ལའང་སྐུལ་འདེད་གཏོང་ཐུབ་རྒྱུ་རེད་ཅེས་གསུངས།