ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མཐོ་སྒང་གི་སྟོན་མཇུག་ཏུ་ནགས་ཚལ་སྟུག་པོར་ཚོན་ཁ་བསྒྱུར་ཡོད་ལ། གངས་རིའི་ར་བས་ཡོངས་སུ་བསྐོར། དྭངས་ཤིང་གཙང་བའི་གཙང་བོ་དང་ཆུ་ཕྲན་དག་གི་སྣང་བརྙན་གྱིས་མི་རྣམས་ལ་དགའ་སྣང་དཔག་ཏུ་མེད་པ་སྟེར་བར་བྱེད། ཉིན་ཁ་ཤས་ཀྱི་སྔོན་དུ་གསར་འགོད་པ་རླངས་འཁོར་ལ་བསྡད་དེ་ཁྲོན་བོད་གཞུང་ལམ་བརྒྱུད་དུས། ཁྲོན་བོད་གཞུང་ལམ་རིམ་བཞིན་ཇེ་བཟང་དུ་ཕྱིན་པ་དེས་ལམ་འགྲམ་གྱི་གྲོང་མི་དག་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་མཐོང་།
རྒྱལ་ལམ་318འགྲམ་གྱི་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་གྱི་ཟུར་ཞིག
དེང་སྐབས་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་མཛེས་ལྗོངས་ཁུལ་དུ་གནམ་གཤིས་རིམ་བཞིན་ཇེ་འཁྱགས་སུ་ཕྱིན་འདུག ཉེ་ཆར་ཁ་བ་བབས་པའི་རྐྱེན་གྱིས་ཀླུ་ནང་ས་ཆ་ནི་རྨི་ལམ་གྱི་ཞིང་ཁམས་ལྟ་བུར་གྱུར་འདུག་ལ། དངུལ་མདོག་གི་ཁ་བའི་རྒྱན་གོས་ཁྲོད་གནས་འདིའི་རིམ་པ་སོ་སོ་གསལ་བར་མངོན་ཐུབ་སྟེ། ནགས་ཚལ་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། རྩྭ་དང་རྩི་ཤིང་སེར་པོར་གྱུར་འདུག་ལ། ནོར་གནག་རྣམས་རྒྱུན་པར་འཆམ་འཆམ་དུ་སྐྱོད་པར་བྱེད། མཛེས་སྡུག་ཡིད་དུ་འོང་བའི་སྣང་བརྙན་འདི་དག་མཐོང་དུས་ཡུལ་སྐོར་བ་རྣམས་སོ་སོའི་ཡུལ་དུ་ལོག་རྒྱུའང་བརྗེད་པར་གྱུར།
2018ལོའི་ན་སྨད་ཟམ་སྣེའི་རྟ་རྒྱུགས་མདའ་འཕེན་ར་བ་ཆུང་བ་དངོས་སུ་སྒོ་ཕྱེ་བས། ཞིང་པའི་ཡོང་འབབ་ཀྱི་ཐབས་ལམ་སྔར་ལས་རྒྱ་ཆེ་རུ་ཕྱིན། བཀྲ་ཤིས་སྒང་གྲོང་ཚོའི་ལོ་ན་35ལ་སླེབས་པའི་རྣམ་རྒྱལ་སྤྲོ་སེམས་འཁོལ་པོའི་ངང་མགྲོན་པོ་སྣེ་ལེན་བྱེད་པ་དང་། ཉིན་ཧྲིལ་བོར་མཛེས་ལྗོངས་ཁུལ་གྱི་ལས་གནས་སུ་ཡོད། “སྔོན་ཆད་ངས་འཛུགས་སྐྲུན་ཨར་ལས་ཀྱི་ལས་ཀ་བྱས་མྱོང་ཡོད་ལ་ལས་ཀ་ངེས་གཏན་མེད། ད་ལྟ་རང་ཁྱིམ་གྱི་ཉེ་འགྲམ་ནས་ཡོང་འབབ་བཙལ་ཐུབ་ལ། ཡུལ་སྐོར་བ་མང་བའི་དུས་སུ་ཉིན་རེར་ཡོང་འབབ་སྒོར་300ལྷག་ཙམ་ཡོད། ལོ་གཅིག་གི་ཡོང་འབབ་ཀྱིས་ཁྱིམ་ཚང་སྐྱོང་ཐུབ་པ་མ་ཟད། ད་དུང་ནང་མིར་ལྟ་སྐྱོང་བྱེད་ཐུབ་ཀྱི་ཡོད།”ཅེས་བཤད།
རྒྱལ་ལམ་318ཉེ་འགྲམ་གྱི་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་དུ་ཡུལ་སྐོར་བ་རྒྱུན་མི་ཆད།
བཀྲ་ཤིས་སྒང་གྲོང་ཚོར་བསྡོམས་ཁྱིམ་ཚང་66དང་མི་འབོར་327ཡོད། ཉེ་བའི་ལོ་ཤས་རིང་“ཀྲི་པུའུ+མཉམ་ལས་ཁང་།+ཞིང་ཁྱིམ།”ཀྱི་རྣམ་པ་བརྒྱུད་བལྟོས་བཅས་སུ་ཅུང་འཐུས་ཚང་བའི་གྲོང་གསེབ་ཡུལ་སྐོར་གྱི་རྣམ་པ་ཞིག་ཆགས་ཡོད། “གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང་མགྲོན་ཁང་གི་ལས་གཉེར་མཁན་མི་གྲངས་180ཟིན་པ་དང་། དེས་གྲོང་ཚོ་ཡོངས་ཀྱི་མི་གྲངས་བསྡོམས་འབོར་གྱི་55%བཟུང་ཡོད། གཞན་ད་དུང་རྟ་རྒྱུགས་མདའ་འཕེན་དང་། རང་གི་ས་ཆའི་ཁྱད་ལྡན་ཐོན་རྫས་འཚོང་བ་སོགས་དམངས་སྲོལ་ཡུལ་སྐོར་གཉེར་སྐྱོང་གི་རྣམ་གྲངས་ཡོད་པ་དང་། གྲོང་ཚོ་ཡོངས་ཀྱིས་ཡུལ་སྐོར་བར་ཞོན་རྟ་50ལྷག་གླས་པ་དང་། གྱོན་ཆས་བོགས་མར་གཏོང་མཁན་གྱི་ཁྱིམ་ཚང་18ཡོད་པ་རེད།”ཞེས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་པ་སངས་ཀྱིས་དེ་ལྟར་བཤད་པ་དང་། 2018ལོར་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་སྤྱིའི་ཡོང་འབབ་སྒོར་ཁྲི་1161ཟིན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.7ཟིན་ཡོད་ཟེར།
དཔའ་ཤོད་རྫོང་ར་འོག་གྲོང་རྡལ་གྱི་ལ་སྒོ་འཁྱགས་ཀླུང་གི་ཁ་བ་འབབ་ཐེངས་ཐོག་མ།
ལོ་རེ་བཞིན་ཀླུ་ནང་གི་མཚན་སྙན་གང་སར་གྲགས་པས་ཡུལ་སྐོར་བས་དགའ་མོས་ཆེན་པོ་བྱེད་པ་མ་ཟད། ལས་རིགས་ཁྱབ་ཁོངས་ཀྱི་དོ་ཁུར་བྱ་ཡུལ་གཙོ་བོར་ཡང་གྱུར་ཡོད། ད་ལོའི་ཟླ་9པར་ཀླུ་ནང་མཛེས་ལྗོངས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་ནི་ཐོག་མར་ཆོག་མཚན་ཐོབ་པའི་རྒྱལ་ཁབ་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་71གི་གྲས་སུ་གྱུར། 2018ལོར་“རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ”གྱི་རྟགས་མ་ཐོབ་པ་དང་། མིག་སྔར་བོད་ལྗོངས་ཁྱོན་ཡོངས་སུ་དེ་གཅིག་པུ་ཡིན། གྲོང་རྡལ་ཡོངས་སུ་ད་སྔ་ཁྱོན་མགྲོན་ཁང་7ཡོད་པ་དང་། ཉལ་ཁང་བསྡོམས་གྲངས་525ཡོད། ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང་116ཟིན་པ་དང་བསྡོམས་ཉལ་ཁྲི་2287ཡོད། དེ་ལས་གཞན་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་མཁན་ཞིང་འབྲོག་མང་ཚོགས་མི་གྲངས་580ལྷག་ཙམ་ཡོད་པ་རེད།
རྒྱལ་ལམ་318ཉེ་འགྲམ་གྱི་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་ཁོངས་གཏོགས་ཀྱི་གྲོང་སྨད་གྲོང་ཚོ།
ཀླུ་ནང་མཛེས་ལྗོངས་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་བསྟན་འཛིན་ལྷ་མོས་བརྗོད་དོན། ཀླུ་ནང་གྲོང་རྡལ་ནི་ཀོང་ཏུང་གི་བོད་སྐྱོར་དཔལ་འབྱོར་སྟོབས་ཤུགས་དང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་ལས་བྱུང་བ་ཞིག་ཡིན་པ་དང་། དུས་ཡུན་ལོ་ངོ་6རིང་ཁམས་སྐྱིད་གུང་གསེང་དང་། སྐྱེ་ཁམས་ཡུལ་སྐོར། ཁམས་གསེང་རོལ་རྩེད། ཞང་གྲོང་ཡུལ་སྐོར། བརྙན་ཕབ་ཡུལ་སྐོར་སོགས་ཀྱི་བརྗོད་དོན་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཡུལ་སྐོར་ཁུལ་ཆེ་གྲས་ཤིག་ཏུ་གྱུར་ཡོད། ཡུལ་སྐོར་ཐོན་ལས་ཅན་གྱི་གནད་ཁེལ་དབུལ་སྐྱོར་དེ་ཀླུ་ནང་ས་ཁུལ་ཧྲིལ་པོའི་ཁྱིམ་ཚང་དབུལ་པོ་དང་ཡོང་འབབ་དམའ་བའི་ཁྱིམ་ཚང་100%དང་། 85%ཡན་གྱི་ཞིང་བའི་ཁྱིམ་ཚང་བཅས་སུ་ཁྱབ་ཡོད་པ་རེད། 2018ལོར་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་111.5ཟིན་པ་དེ་དུས་མཚུངས་ལས་2.3%འཕར་ཡོད་ལ། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་6936.8ཟིན་པ་དེ་དུས་མཚུངས་ལས་31%འཕར་ཡོད།
བོད་ལྗོངས་ཤར་ལྷོའི་རྒྱུད་དུ་ཁྲོན་བོད་གཞུང་ལམ་ནི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ལྷོ་ནུབ་ཀྱི་ར་འོག་གྲོང་རྡལ་བརྒྱུད་པ་དང་། ཉེ་བའི་ལོ་གསུམ་རིང་། དངོས་ཟོག་འབོར་འདྲེན་དང་འགྲུལ་བ་སྐྱེལ་འདྲེན་ཚད་ཆེ་ཆེར་འཕར་བ་སྟེ། ར་འོག་གྲོང་རྡལ་གྱིས་2018ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་30ལྷག་ལ་སྣེ་ལེན་ཞུས་ཡོད། མཛེས་ལྗོངས་ཁུལ་གཙོ་བོ་ལ་ར་འོག་མཚེའུ་དང་། ལ་སྒོ་འཁྱགས་ཀླུང་། རྡོ་རྗེ་མུ་ཏིག་གི་གནས་རི་སོགས་ཡོད་ལ། ར་འོག་མཚེའུ་ཡི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་22ཟིན་པ་དང་། དེ་ནི་ར་འོག་མཚེའུ་ལ་སྒོ་འཁྱགས་རོམ་མཛེས་ལྗོངས་ཁུལ་གྱི་ལྗོངས་གནས་་གཙོ་བོའི་གྲས་ཤིག་རེད།
ཡུལ་སྐོར་བས་དར་རྩེ་མདོ་གྲོང་ཁྱེར་ཞིན་ཏུའུ་ཆའོ་གྲོང་རྡལ་དུ་སྟོན་ཀའི་མཛེས་ལྗོངས་ལ་རོལ་བ།
ཐོན་ཁུངས་ཀྱི་ལེགས་ཆ་དང་འགྲིམ་འགྲུལ་གྱི་ལེགས་ཆ་ལ་བརྟེན་ནས། དཔའ་ཤོད་རྫོང་གིས་ཚོང་དང་མ་རྩ་ཚུར་བཀུག་པ་བརྒྱུད་ཡུལ་སྐོར་ཐོན་ལས་ཀྱི་དབུལ་སྐྱོར་རྣམ་གྲངས་འཕེལ་རྒྱས་བཏང་བ་དང་། 2018ལོའི་ཟླ་3པར་ཕྱོགས་ཡོངས་ནས་གཉེར་བའི་ར་འོག་རྒྱལ་སྤྱིའི་སྒེར་འཁོར་སྒར་སར་མིག་སྔར་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་8560བཏང་ཡོད། འཆར་གཞི་ལྟར་ན་གཞི་ཁྱོན་ས་མུའུ་200དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་5000ཟིན་པ་དང་། ནང་དུ་ཟ་ཁང་དང་ཚིག་ཇ་ཁང་། མཛེས་ལྗོངས་ཁུལ་གྱི་ཁང་པ་8དང་། སྐར་ཁང་78དང་། སྒམ་དབྱིབས་ཁང་པ་22དང་། ད་དུང་འཁོར་ཁང་རྟེན་གཞི་སྦྲ་གུར་སྒར་ས་བཅས་བཀོད་སྒྲིག་བྱས་ཡོད་ལ། རིགས་སྣ་ཚོགས་ཀྱི་རླངས་འཁོར་འཇོག་ས་200དང་ལྗོངས་གཟིགས་སྟེགས་བུ་སོགས་ཀྱང་ཡོད།
ལོ་ན་28ལ་སླེབས་པའི་ལྷ་སྒྲོན་ནི་དཔའ་ཤོད་རྫོང་སྤྱི་དར་ཤང་ནས་ཡིན་པ་དང་། སྒེར་འཁོར་སྒར་ཁུལ་དུ་ལས་ཀ་བྱས་ནས་ལོ་གཅིག་དང་ཕྱེད་ཀ་འགོར་ཡོད། ཐོག་མར་ཡོང་དུས་ཚིག་ཇ་ལ་རྒྱུས་མངའ་ཆེན་པོ་མེད་ཅིང་། ད་ལྟ་ཚིག་ཇ་བཟོ་མཁན་ ཞིག་ཏུ་གྱུར་ཡོད། “ངའི་ཁྱིམ་ལ་འདི་ནས་བར་ཐག་སྤྱི་ལེ་50ཡོད་པ་དང་། ང་ཟླ་ཕྱེད་ནང་ཡུལ་ལ་ཐེངས་གཅིག་ལོག་པ་ཡིན། ཟླ་རེར་ཟླ་ཕོགས་སྒོར་3200ཡིན་ལ་ཟ་མ་དང་འདུག་སའང་བཀོད་སྒྲིག་ཡོད། ཟླ་ཕོགས་ཕྱེད་ཀ་ཁྱིམ་ལ་སྟེར་བ་ཡིན།”ཞེས་ཟེར།
རྒྱལ་ལམ་318ཉེ་འགྲམ་ཞིན་ཏུའུ་ཆའོ་གྲོང་རྡལ་གྱི་སྡོད་ཁང་དང་ཆུ་ཕྲན།
“བོད་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཁག་དང་པོ་ཡིན་པའི་ར་འོག་གྲོང་རྡལ་དེ་2016ལོར་འཛུགས་སྐྲུན་བྱེད་འགོ་ཚུགས། ར་འོག་གྲོང་རྡལ་ནི་དེ་སྔའི་ཁྲོམ་གཞུང་1གི་མགྲོན་ཁང་ལྔ་དྲུག་ཙམ་ནས་ད་ལྟ་གསོལ་མགྲོན་ཁང་དང་ཟ་ཁང་སོགས་རིགས་སྣ་ཚོགས་པ་50ལྷག་ཙམ་བར་འཕེལ་རྒྱས་ཕྱིན་ཡོད།”ཅེས་ར་འོག་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཆི་མོང་གིས་དེ་ལྟར་བཤད།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་གྲོང་ཁྱེར་ནུབ་རྒྱུད་ཀྱི་ཞིན་ཏུའུ་ཆའོ་གྲོང་རྡལ་ནི་སྔོན་ཆད་ཁྲོན་བོད་གཞུང་ལམ་སྟེང་གི་ལམ་བར་གྱི་ས་ཚིགས་དཀྱུས་མ་ཞིག་ཡིན། དེར་སྔོན་ཆད་གྲ་དག་པའི་བོད་ཀྱི་གྲོང་ཁྱིམ་དང་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཡོད་མོད། འོན་ཀྱང་སྔོན་ཆད་“མི་རྣམས་ཀྱིས་ས་དེ་ཤེས་ཀྱིན་མེད།” ཁྲོན་བོད་གཞུང་ལམ་རྒྱུན་ཆད་མེད་པར་ཇེ་བཟང་དུ་གྱུར་པ་དང་ཆབས་ཅིག་ཞིན་ཏུའུ་ཆའོ་གྲོང་རྡལ་གྱིས་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་བ་དང་པར་རྒྱག་ལ་དགའ་པོ་བྱེད་མཁན་ཚོའི་ཡིད་དབང་བཀུག་པས། “འོད་དང་གཟུགས་བརྙན་གྱི་འཇིག་རྟེན”ཞེས་པ་དང“པར་རྒྱག་མཁས་ཅན་གྱི་ལྷ་ཡུལ”སོགས་ཀྱི་མཚན་སྙན་ཐོབ་ལ། ཁྲོན་བོད་གཞུང་ལམ་ཐོག་སྐད་གྲགས་ཆེ་ཤོས་ཀྱི་གནས་ཁུལ་ཞིག་ཏུ་གྱུར་ཡོད།
རྒྱལ་ལམ་318ཉེ་འགྲམ་ཞིན་ཏུའུ་ཆའོ་གྲོང་རྡལ་གྱི་སྡོད་ཁང་དང་ཆུ་ཕྲན།
ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེས་ས་གནས་དེ་གའི་སྡོད་དམངས་ལ་ཕྱུག་འགྱུར་གྱི་ལམ་བུ་བཏོད་ཡོད། མིག་སྔར་ཞིན་ཏུའུ་ཆའོ་གྲོང་རྡལ་དང་དེའི་ཉེ་འགྲམ་གྱི་ཤང་གྲོང་དུ་གསོལ་མགྲོན་ཁང་དང་མགྲོན་ཁང་200ལྷག་ཙམ་ཡོད་ལ། རྗེས་ཕྱོགས་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་ཡུལ་སྐོར་ལས་རིགས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་རོགས་རམ་བྱ་ངེས་རེད།
རྒྱལ་ལམ་318ཉེ་འགྲམ་གྱི་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་གྱི་ཟུར་ཞིག
ལོ་ན་25ལ་སླེབས་པའི་འཆི་མེད་རྡོ་རྗེ་ནི་པར་ལེན་ལ་དགའ་པོ་བྱེད་མཁན་ཞིག་ཡིན་པ་དང་། ཁོང་གིས་རྟག་ཏུ་རང་གི་ཉེ་འཁོར་གྱི་གྲོགས་པོ་མང་པོ་དེར་པར་རྒྱག་པར་གདན་ཞུ་བྱེད་པ་དང་། ཁོས་ས་གནས་དེ་གར་གཉེར་བའི་ནས་ནག་གཞིས་ཀའི་བརྗོད་དོན་གཙོ་བོའི་གསོལ་མགྲོན་ཁང་གི་ད་ལོའི་ཞག་སྡོད་བྱེད་ཚད་80%ཟིན་ཡོད། ཁོས་བརྗོད་དོན།“དར་རྩེ་མདོ་ནས་སྐྱེས་ཞིང་འདི་ནས་འཚར་ལོངས་བྱུང་བའི་མི་ཞིག་ཡིན་པའི་ཆ་ནས། ངས་རང་གི་ཕ་ཡུལ་གྱི་ལོ་འདི་དག་གི་འཕེལ་རྒྱས་མིག་མཐོང་ལག་ཟིན་བྱུང་བ་དང་། ང་རང་ཉིད་ཀྱང་སྔར་ལས་ལེགས་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།”ཞེས་ཟེར།