ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་དམག་ཨུད་ཀྱི་གཞི་རིམ་འཛུགས་སྐྱོང་ཐད་འདི་ལྟར་གསུངས།

སྤེལ་དུས 2019-11-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་གཞི་རིམ་འཛུགས་སྐྱོང་གྲོས་ཚོགས་ཐོག་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། བསྒྱུར་བཅོས་གསར་གཏོད་ཤུགས་ཆེར་བཏང་ནས་རང་དམག་གི་གཞི་རིམ་འཛུགས་སྐྱོང་ཁྱོན་ཡོངས་ནས་ཡར་རྒྱས་དང་ཁྱོན་ཡོངས་ནས་ཉམས་སད་ཐེག་ཐུབ་པ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ།
            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཀྲུང་དབྱང་དམག་ཨུད་ཀྱི་གཞི་རིམ་འཛུགས་སྐྱོང་གྲོས་ཚོགས་སྤྱི་ཚེས་8ཉིན་ནས་10ཉིན་བར་པེ་ཅིང་དུ་སྐོང་འཚོགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཕེབས་པ་མ་ཟད་གལ་ཆེའི་གསུང་བཤད་གནང་ཡོད། ཁོང་གིས། དུས་རབས་གསར་པའི་རང་དམག་གི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི། དམག་དཔུང་སྟོབས་ཆེར་དང་དམག་དཔུང་དར་རྒྱས་གཏོང་བའི་གཞི་རྟེན་དང་། སྟོབས་ཤུགས་གནས་ས་ཡིན། དམག་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། དམ་འཛིན་བཞི་རྒྱུན་འཁྱོངས་བྱ་རྒྱུའི་བླང་བྱ་དོན་འཁྱོལ་བྱེད་པ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། བསྒྱུར་བཅོས་གསར་གཏོད་སྟོབས་ཆེར་གཏོང་བ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་པའི་ཉམས་སད་ཐེག་ཐུབ་པའི་གཞི་རིམ་ཞིག་དང་། དམག་རྒྱག་ཐུབ་པ་དང་། འཐབ་ན་རྒྱལ་ཐུབ་པའི་ཉམས་སད་ཐེག་ཐུབ་པའི་གཞི་རིམ་ཞིག སྒྲིག་ཁྲིམས་ནན་པ་དང་། དར་སྲོལ་ལེགས་པའི་ཉམས་སད་ཐེག་ཐུབ་པའི་གཞི་རིམ་ཞིག་བཅས་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱས་ཏེ། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་སྲ་བརྟན་གྱི་རྨང་གཞི་དང་འདེགས་སྐྱོར་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
            སྤྱི་ཚེས་8ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4པ་ཙམ་ལ། ཞི་ཅིན་ཕིང་ཅིང་ཞི་མགྲོན་ཁང་དུ་ཕེབས་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་གྲོས་ཚོགས་ལ་ཞུགས་མཁན་འཐུས་མི་དང་ཐུག་འཕྲད་གནང་ཡོད། ཞི་ཅིན་ཕིང་གིས་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་ཡོད།
            ཞི་ཅིན་ཕིང་གིས་གྲོས་ཚོགས་ཐོག་གལ་ཆེའི་གསུང་བཤད་གནང་ཡོད། ཁོང་གིས་དང་ཐོག ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་གལ་ཆེའི་གནད་དོན་འགའ་ཞིག་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་གཏན་འབེབས་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་མིག་སྔའི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཐོག་ཆེད་མངགས་སྡེ་ཚན་ཞིག་དབྱེ་ནས། ཏང་གིས་མི་དམངས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་དམག་དཔུང་གིས་ལྷག་བསམ་རྣམ་དག་ངང་དུས་རབས་གསར་པའི་འགན་འཁྲི་ལག་ལེན་བསྟར་རྒྱུར་འགན་ལེན་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་དང་། དེའི་ཁྲོད་ཀྱི་འགན་འཁྲི་མང་པོ་ཞིག་དོན་འཁྱོལ་བྱེད་པར་གཞི་རིམ་འཛུགས་སྐྱོང་ནས་འགོ་འཛུགས་དགོས་ཀྱི་ཡོད། དམག་ཡོངས་ཀྱིས་རང་དམག་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་ཡག་པོ་ལེན་པ། ལག་བསྟར་ཡག་པོ་བྱེད་པ་བཅས་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
            ཞི་ཅིན་ཕིང་གིས། གཞི་རིམ་ནི་དམག་དཔུང་གི་ལས་དོན་ཡོངས་དང་དམག་འཐབ་ནུས་པའི་རྨང་གཞི་ཡིན། རང་རེའི་ཏང་གིས་དམག་དཔུང་འཛུགས་སྐྱོང་དང་དམག་དཔུང་བཅོས་སྒྲིག་བྱེད་པའི་དུས་ཡུན་རིང་པོའི་ལག་ལེན་ཁྲོད་གཞི་རིམ་འཛུགས་སྐྱོང་བྱ་རྒྱུར་སྔ་བར་ཕྱི་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རང་དམག་འདི་ཉིད་ཆུང་ཆུང་ནས་ཆེན་པོ་དང་། ཉམས་ཞན་ནས་སྟོབས་ཆེ། རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་ཐད། རྒྱ་ཆེའི་གཞི་རིམ་དཔོན་དམག་ཚོས་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དུས་བབ་ལ་འགྱུར་ལྡོག་གང་འདྲ་ཕྱིན་རུང་། གཞི་རིམ་ལ་བརྟེན་པ་དང་། གཞི་རིམ་འཛུགས་སྐྱོང་སྟོབས་ཆེར་གཏོང་བའི་རྩ་དོན་དེ་ནམ་ཡང་དོར་མི་རུང་ཞེས་བསྟན་གནང་ཡོད།
            ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་ཏང་གི་རྩ་འཛུགས་གིས་གཞི་རིམ་དམ་འཛིན་བྱེད་པ་དང་། དམག་གྲབས་སྦྱོང་བརྡར་གྱིས་གཞི་རིམ་དམ་འཛིན་བྱེད་པ། དཔོན་དམག་གཙོ་གཞིས་གཞི་རིམ་དམ་འཛིན་བྱེད་པ། ཁྲིམས་འཛིན་ནན་པོ་བྱེད་པར་གཞི་རིམ་དམ་འཛིན་བྱེད་པ། ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་ཏན་ཏིག་གཏོང་བ། དམག་གྲབས་དམག་སྦྱོང་ལ་ཤུགས་སྣོན་རྒྱག་པ། སྟོབས་ཤུགས་བསྐྱར་སྒྲིག་བྱེད་པ། འཛུགས་སྐྱོང་སྒྲིག་ལམ་ཚད་ལྡན་བཟོ་བ། ནང་ཁུལ་དར་སྲོལ་གཙང་མ་བཟོ་བ། སྒུལ་ཤུགས་དང་གསོན་ཤུགས་སྐུལ་སྤེལ་གཏོང་བ་བཅས་བྱས་ནས། རང་དམག་གི་གཞི་རིམ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཅེས་ནན་སྟོན་གནང་ཡོད།
            ཞི་ཅིན་ཕིང་གིས། ལོ་འདི་དག་ནང་། དམག་དཔུང་སྟོབས་ཆེར་དང་དམག་དཔུང་དར་རྒྱས་གཏོང་བའི་གོམས་སྟབས་མགྱོགས་པོ་ཡོད་པ་དང་། རང་དམག་གི་གཞི་རིམ་འཛུགས་སྐྱོང་ཐད་འགན་འཁྲིའི་བླང་བྱ་དང་། འཛུགས་སྐྱོང་ནང་དོན། རྒྱུན་གཏན་འཁོར་སྐྱོད་རྣམ་པ། དཔུང་སྡེའི་རྩ་འཛུགས་རྣམ་པ། དཔོན་དམག་གི་གྲུབ་ཆའི་གྲུབ་གཞི། ཕྱི་རོལ་གྱི་སྤྱི་ཚོགས་ཁོར་ཡུག་སོགས་ཀྱི་ཐད་གནས་ཚུལ་གསར་པ་དང་འགྱུར་ལྡོག་གསར་པ་མང་པོ་འཕྲད་བཞིན་ཡོད། དེ་ཡང་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། བརྡ་ལན་ཧུར་ཐག་བྱེད་པ། མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་ནན་ཏན་བྱེད་པ་བཅས་བྱས་ནས་གཞི་རིམ་འཛུགས་སྐྱོང་ཁྱོན་ཡོངས་ནས་ཡར་རྒྱས་དང་། ཁྱོན་ཡོངས་ནས་ཉམས་སད་ཐེགས་ཐུབ་པ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
            ཞི་ཅིན་ཕིང་གིས།  ཏང་གི་བཀའ་ལ་ཉན་པ་དང་།  ཏང་དང་རྗེས་སུ་འབྲང་པའི་ཉམས་སད་ཐེག་ཐུབ་པའི་གཞི་རིམ་ཞིག་འཛུགས་སྐྱོང་བྱས་ཏེ། ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱ་རྒྱུ་དེ་ཐད་ཀར་གཞི་རིམ་དང་དཔོན་དམག་གི་ཁྲོད་དུ་སླེབས་ཐུབ་པ་བྱ་རྒྱུར་འགན་སྲུང་བྱ་དགོས།  གཞི་རིམ་གྱི་དཔོན་དམག་ལ་ཆབ་སྲིད་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།  ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཐོག་ནས་ལན་ཤོག་འཛུགས་པ་དང་མི་སྣ་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དགོངས་པར་བརྟེན་ནས་དཔོན་དམག་གི་ལས་དོན་ལ་དྲག་ཆས་སྤྲོད་པ།  ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོ་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་།  དམག་དཔུང་སྟོབས་ཆེར་གཏོང་བའི་ལས་འགན་ལྕི་པོ་འཁུར་བའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ།  གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱེད་པའི་ལས་གཞིར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཏང་གི་བཀོད་འདོམས་ལ་ཉན་པ་དང་།  དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་ཚེ་སྲོག་ལེགས་སྐྱེས་སུ་འབུལ་བའི་བསམ་བློ་ཆབ་སྲིད་རྨང་གཞི་བརྟན་པོ་འཛུགས་དགོས།  ཡིད་ཆེས་ལྡན་པ་དང་།  སྤྲོ་སྣང་ལྡན་པ།  གོང་འཕེལ་འགྲོ་བ་བཅས་ཀྱི་ཐོག་ནས་གཞི་རིམ་གྱི་དཔོན་དམག་ལ་ལྟ་སྟངས་འཛིན་དགོས་པ་དང་།  དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་གསོའི་མ་ལག་འཛུགས་རྒྱུ་འཚོལ་ཞིབ་ཀྱིས་སློབ་གསོའི་དམིགས་བཙུགས་རང་བཞིན་དང་ཕན་འབྲས་རང་བཞིན་མཐོ་རུ་གཏོང་དགོས།  གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་སྒྲིག་འཛུགས་ནུས་པ་ཤུགས་ཆེར་གཏོང་བ་དང་ཧྲུའུ་ཅིའི་དཔུང་ཁག་གི་འཛུགས་སྐྱོང་ལ་ཤུགས་སྣོན།  སྒྲིག་འཛུགས་བཀོད་སྒྲིག་དང་འཁོར་རྒྱུག་བྱེད་སྟངས་ཚད་ལྡན་བཟོ་རྒྱུར་འཚོལ་ཞིབ་བྱེད་པ་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
            ཞི་ཅིན་ཕིང་གིས།  དམག་རྒྱག་ཐུབ་པ་དང་།  འཐབ་ན་རྒྱལ་ཐུབ་པའི་ཉམས་སད་ཐེགས་ཐུབ་པའི་གཞི་རིམ་ཞིག་འཛུགས་སྐྱོང་བྱས་ཏེ། གཞི་རིམ་དེ་ཉིད་བོས་ན་ཡོང་ཐུབ་པ་དང་། ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ཐུབ་པ་བཅས་སུ་འགྱུར་བ་བྱ་དགོས།  དམག་འཐབ་ནུས་པའི་ཚད་གཞི་རྒྱུན་འཁྱོངས་དང་།  དམག་འཐབ་རུ་ཁག་གི་བསམ་བློ་ཤུགས་ཆེར་གཏོང་བ། དམག་གྲབས་དང་དམག་འཐབ་ཀྱི་བཀོད་འདོམས་དབང་ཆ་གཞི་རིམ་དུ་བརྟན་པོ་འཛུགས་པ་བཅས་བྱས་ནས། དམག་འཐབ་ནུས་པའི་ལེགས་སྐྱེས་འབུལ་ཚད་ལ་གཞིགས་ནས་འཛུགས་སྐྱོང་རྣམ་གྲངས་ཁག་གཅིག་གྱུར་འཆར་འགོད་བྱ་དགོས། གཞི་རིམ་གྱི་དམག་འཐབ་ནུས་པའི་གྲུབ་ཚུལ་དང་འཁོར་རྒྱུག་གི་ཁྱད་ཆོས་ཆོས་ཉིད་འཚོལ་ཞིབ་ཀྱིས་གཞི་རིམ་འཛུགས་སྐྱོང་གི་སྤུས་ཚད་དང་དམག་སྤྱོད་ནུས་འབྲས་མཐོ་རུ་གཏོང་དགོས།  དངོས་འཐབ་དངོས་སྦྱོང་རྒྱུན་འཁྱོངས་དང་།  རྩ་གནད་ལྟར་དམག་སྦྱོང་བྱེད་པ།  དམག་སྦྱོང་བཅོས་སྐྱོང་ནན་པོ་བྱེད་པ་བཅས་རྒྱུན་འཁྱོངས་དང་།  དམིགས་བཙུགས་རང་བཞིན་དང་འཕྲོད་མཐུན་རང་བཞིན་གྱི་དམག་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ།  སྒྲིག་ཆས་གསར་པ་དང་སྟོབས་ཤུགས་གསར་པའི་དམག་སྦྱོང་ལ་ཤུགས་སྣོན་རྒྱག་པ།  དམག་སྦྱོང་གི་རྨང་གཞི་བརྟན་དུ་གཏོང་བ།  དམག་སྦྱོང་གི་འགན་སྲུང་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དམག་སྦྱོང་དངོས་འཐབ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།  གནས་གསུམ་གཞི་གཅིག་གི་རྣམ་པ་གསར་པའི་དམག་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མ་ལག་གང་མགྱོགས་འཛུགས་དགོས་པ་དང་།  གཞི་རིམ་གྱི་ལག་ལེན་སྟེགས་བུ་བེད་སྤྱོད་ཡག་པོ་བྱེད་པ།  མང་ཚོགས་རང་བཞིན་གྱི་དམག་སྦྱོང་རྩལ་འགྲན་བྱེད་སྒོར་དམ་འཛིན་བྱེད་པ།  དཔོན་དམག་རྣམས་རང་འཁྲིའི་ལས་གནས་ཐོག་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ཏེ་གཞི་རིམ་འཛུགས་སྐྱོང་གི་ཤེས་ལྡན་མི་སྣའི་འདེགས་སྐྱོར་བརྟན་དུ་གཏོང་དགོས།  དམག་འཐབ་སྙིང་སྟོབས་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་དང་།  གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་ཤི་རྒྱུར་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་དཔོན་དམག་ངར་ཤ་ལྡན་པ་དང་།  དམག་དཔུང་ཟིལ་ཉམས་ལྡན་པར་སྣེ་ཁྲིད་བྱ་དགོས་ཞེས་བསྟན་གནང་ཡོད།
            ཞི་ཅིན་ཕིང་གིས།  སྒྲིག་ཁྲིམས་ནན་ཞིང་སྤྱོད་ཚུལ་ལེགས་པའི་ཉམས་སད་ཐེག་ཐུབ་པའི་གཞི་རིམ་ཞིག་འཛུགས་པ་དང་།  དོ་ནན་གྱི་ཁྲིམས་སྐྱོང་དང་སྒྲིག་ཁྲིམས་ཐོག་ནས་ལྕགས་ལྟ་བུའི་སྙིང་སྟོབས་དང་། ལྕགས་ལྟ་བུའི་སྤྱོད་ཚུལ།  ལྕགས་ལྟ་བུའི་དཔུང་སྡེ་བཅས་འཛུགས་སྐྱོང་བྱ་དགོས།  ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་དང་དམག་དཔུང་བཅོས་སྐྱོང་ནན་པོ་བྱེད་པའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་བསྟར་དགོས་པ་དང་།  བཀའ་བཅད་སྲོལ་ཡིག་ལག་བསྟར་དང་རྩ་གནད་ལྟར་འཛུགས་སྐྱོང་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས།  གཞི་རིམ་འཛུགས་སྐྱོང་གི་འབྲེལ་ཡོད་སྲིད་ཇུས་ལམ་ལུགས་སྒོ་ཀུན་ནས་གསེད་དཀྲོལ་བྱེད་དགོས་པ་དང་།  ཚན་རིག་དང་མཐུན་པའི་ཁུངས་སྐྱེལ་དང་འཕྲལ་བཅོས་འཕྲལ་དོར་གྱི་ལས་དོན་ཡག་པོ་བསྒྲུབ་དགོས།  དམག་དཔུང་ལ་དོ་དམ་ནན་པོ་བྱེད་པ་དང་།  བླང་བྱ་ནན་པོ་འདོན་པ་དང་སེམས་ཁུར་ཡག་པོ་བྱེད་པ་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།  སྒྲིག་ཁྲིམས་ཚོད་འཛིན་དང་གོ་སྐོན་སློབ་གསོ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས་དཔུང་སྡེ་ཚད་མཐོའི་གཅིག་གྱུར་དང་བདེ་འཇགས་བརྟན་ལྷིང་ཡོང་བ་བྱ་དགོས།  སྤྱོད་བཟང་སྒྲིག་ནན་གྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནོན་ཤུགས་གཞི་རིམ་དུ་ཁྱབ་པ་དང་།  དཔོན་དམག་ཉེ་འཁོར་གྱི་རུལ་སུངས་ཆུང་ཆུང་དང་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་བཅོས་སྐྱོང་མཐར་ཕྱིན་པ་བྱས་ཏེ་གཞི་རིམ་དེ་ཉིད་གཙང་མ་གཙང་རྐྱང་ཞིག་ཏུ་འགྱུར་བ་བྱ་དགོས།  ལས་བྱེད་པར་བརྩི་བཀུར་དང་། དམག་མིར་གཅེས་སྐྱོང་། དམག་མི་ཕན་ཚུན་མཛའ་གྲོགས་ལྡན་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས།  དཔོན་དམག་གི་སྐྱིད་སྡུག་མཉམ་མྱོང་དང་ཤི་གསོན་མཉམ་གནས་ཀྱི་གསར་བརྗེའི་བརྩེ་སེམས་གསོ་སྐྱོང་བྱས་ཏེ།  མཐུན་སྒྲིལ་དང་། མཛའ་གྲོགས། འཆམ་མཐུན། དྭངས་གཙང་བཅས་ཀྱི་ནང་ཁུལ་ འབྲེལ་བ་སྲ་བརྟན་དང་གོང་འཕེལ་གཏོང་དགོས།
            ཞི་ཅིན་ཕིང་གིས། ཏང་གིས་གཞི་རིམ་འཛུགས་སྐྱོང་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་ལས་ཁུངས་ཀྱིས་བསམ་བློ་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་འཛུགས་པ། ལས་ཀའི་གཙོ་གནད་གཞི་རིམ་དུ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ།  གཞི་རིམ་གྱི་ལས་དོན་ལ་མཛུབ་ཁྲིད་དང་འཛུགས་སྐྱོང་བྱ་རོགས་བྱེད་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ།  གཞི་རིམ་དང་དམག་མི་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ།   དཔོན་དམག་གི་གཙོ་གཞིའི་གནས་བབ་དང་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་གང་ལེགས་བྱེད་པ།  དཔོན་དམག་ལ་བརྩེ་སེམས་ཟབ་མོ་བཅངས་ནས་ལས་དོན་སྒྲུབ་པ།  ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་གསོད་མཐའ་གཅིག་ཏུ་བྱེད་པ། ལས་ཀའི་མཛུབ་སྟོན་གྱི་ཚན་རིག་དང་མཐུན་པའི་རང་བཞིན་ཤུགས་ཆེ་རུ་གཏོང་བ།  སྡེ་ཚན་དེ་ག་དང་ཁོངས་གཏོགས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱེད་པ།  གཞི་རིམ་འཛུགས་སྐྱོང་ལ་རིགས་དབྱེའི་མཛུབ་སྟོན་ཡག་པོ་བྱེད་པ།  རྒྱུན་ལྡན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་ཀ་དོན་འཁྱོལ་ཡོང་བར་དམ་འཛིན་ནན་པོ་བྱེད་པ།  མཛུབ་ཁྲིད་རོགས་སྐྲུན་གྱི་གཙོ་ཤུགས་དེ་གཞི་རིམ་གྱི་རང་སྐྲུན་ནུས་པ་ཆེ་རུ་གཏོང་བའི་ཐོག་བཞག་སྟེ་གཞི་རིམ་གྱི་ལས་དོན་བཀོད་སྒྲིག་བྱེད་དབང་དང་། མི་སྣ་བཀོལ་སྤྱོད་བྱེད་དབང་། རྒྱུ་ནོར་བཀོལ་སྤྱོད་བྱེད་དབང་བཅས་ལ་བརྩི་འཇོག་བྱེད་པ།  གཞི་རིམ་གྱི་བསམ་འཆར་ཆེན་པོ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་རང་རྟོགས་ངང་ཐབས་བརྒྱ་ཇུས་སྟོང་གིས་ཐག་གཅོད་བྱེད་རོགས་བྱེད་པ།  དམག་ཨུད་ཀྱིས་སྤྱི་ཡོངས་ལ་དོ་དམ་དང་། དམག་འཐབ་གཙོ་བོ འཐབ་ཁུལ་ཡིན་པ། དམག་རིགས་ཀྱི་འཛུགས་སྐྱོང་གཙོ་བོའི་སྤྱིའི་རྩ་དོན་བཅས་ལ་བརྩི་སྲུང་ཞུས་ནས་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཀའི་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་ནས།   ལས་ཆོད་ཆེ་བའི་གཞི་རིམ་ལས་དོན་གྱི་རྣམ་པ་ཞིག་ཆགས་པ་བྱ་དགོས་ཞེས་བསྟན་གནང་ཡོད།
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་དང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཚོགས་འདུར་ཕེབས་པ་དང་འབྲེལ་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་དུས་རབས་གསར་པའི་རང་དམག་གི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་བཏོན་གནང་ཡོད།
            ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝུའེ་ཧྥེང་ཧོ་དང་། མེའོ་ཧྭ། ཀྲང་ཧྲེང་མིན་བཅས་ཚོགས་འདུར་ཕེབས་ཡོད། དམག་འཐབ་ཁུལ་ཁག་དང་། དམག་དཔུང་དམག་རིགས་ཁག  དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག དམག་དོན་ཚན་རིག་ཁང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན། དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་། དེ་བཞིན་གཞི་རིམ་སྡེ་ཚན་གྱི་འཐུས་མི་ཁག་གཅིག་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།