ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་པོ་སུའོ་ན་ལོ་དང་མཇལ་མོལ་གནང་བ།

སྤེལ་དུས 2019-11-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11པའི་ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་ལི་ཡར་པར་ཙིར་གྱི་ཙུང་ཐུང་པོ་ས་ན་ལོ་དང་མཇལ་མོལ་གནང་བ་རེད།
          ཞི་ཅིན་ཕིང་གིས། ཟླ་བ་གོང་མར། ཙུང་ཐུང་པོ་ས་ན་ལོས་ཀྲུང་གོར་ལེགས་གྲུབ་ལྡན་པའི་འཚམས་འདྲི་གནང་བ་དང་། ང་ཚོའི་བར་བྱུང་བའི་ཐུན་མོང་ངོས་འཛིན་ད་ལྟ་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད། མཇུག་སྒྲིལ་མ་ཐག་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་སྐབས་གཉིས་པའི་ཐོག པར་ཙིར་ཕྱོགས་ཀྱི་འགྲེམས་སྟོན་བྱེད་མཁན་གྱི་ཚོང་འགྲིག་ཚད་སྐབས་གོང་མ་དང་བསྡུར་ན་ལྡབ་3.6འཕར་ནས་གྲུབ་འབྲས་ལེགས་པོ་ཐོབ་ཡོད། ཀྲུང་གོ་དང་པར་ཙིར་རྒྱལ་པོ་གཉིས་པོ་འཛམ་གླིང་ཤར་ནུབ་ཀྱི་གསར་དར་ཁྲོམ་རའི་རྒྱལ་ཁབ་ཆེ་ཤོས་གཉིས་ཡིན་པའི་ངོས་ནས། ཐུན་མོང་ཁེ་ཕན་རྒྱ་ཁྱབ་ངང་གནས་ཡོད། ང་ཚོས་པར་ཙིར་གྱི་གོང་འཕེལ་མདུན་ལྗོངས་ལ་ལྟ་སྟངས་ཡག་པོ་འཛིན་པ་དང་། ཀྲུང་གོ་དང་པར་ཙིར་གྱི་མཉམ་ལས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། པར་ཙིར་དང་གོང་འཕེལ་གྱི་ཉམས་མྱོང་སྤེལ་རེས་དང་། གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད། ཐུན་མོང་གོང་འཕེལ་མངོན་གྱུར་ཐུབ་པ་བཅས་བྱེད་འདོད་ཡོད། ང་རང་ནས་སྐུ་ཉིད་དང་ལྷན་དུ། ཀྲུང་གོ་དང་པར་ཙིར་འབྲེལ་བའི་གོང་འཕེལ་ཁ་ཕྱོགས་དམ་འཛིན་ལེགས་པོ་དང་སྣེ་ཁྲིད་ལེགས་པོ་བྱ་འདོད་ཡོད་ཅེས་བསྟན་གནང་ཡོད།

          ཞི་ཅིན་ཕིང་གིས། ཀྲུང་གོ་དང་པར་ཙིར་གཉིས་ཀ་རྒྱལ་ཁབ་ཆེན་པོ་ཡིན། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་གཏིང་ཤུགས་རྒྱུན་འཛིན་ལེགས་པོ་བྱེད་པ་དང་། ཕན་ཚུན་བརྩི་བཀུར་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས། སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཕན་ཚུན་ཡིད་ཆེས་བརྟན་པོ་འཛུགས་པ་བཅས་བྱ་འདོད་ཡོད། ཕན་ཚུན་ཁྲོམ་ར་སྒོ་འབྱེད་བྱེད་པ་དང་། ཞིང་ལས་ཐོན་རྫས་དང་། གཏེར་རིགས། མ་བཅོས་རྡོ་སྣུམ་སོགས་རྨང་གཞིའི་རང་བཞིན་གྱི་ཐོན་རྫས་བར་གྱི་ཡུན་རིང་དང་། བརྟན་ལྷིང་། ཐད་ཀར་བཅས་ཀྱི་མཁོ་སྤྲོད་སྦྲེལ་ཐག་འཛུགས་རྒྱུའི་ཐད་གྲོས་བསྡུར་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་ཁེ་ལས་པར་ཙིར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ནས། ཕན་ཚུན་མཉམ་འབྲེལ་མཉམ་མཐུད་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། གྲངས་གཞིའི་དཔལ་འབྱོར་དང་། ཐོན་གསར་པའི་བརྡ་འཕྲིན། རྒྱུ་ཆའི་ཚན་རིག སྐྱེ་དངོས་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་གོ་དང་པར་ཙིར་གྱི་ས་གོ་ལའི་ཐོན་ཁུངས་སྲུང་སྐར་མི་རིང་བར་སླར་ཡང་འཕེན་གཏོང་ལེགས་གྲུབ་ཐུབ་རྒྱུར་སྨོན་འདུན་ཞུ་རྒྱུ་མ་ཟད། རྗེས་མཐུད་ཀྱི་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན། མི་ཆོས་རིག་གནས་སྤེལ་རེས་རྒྱ་སྐྱེད་གཏོང་བ་དང་། མི་སྣའི་འགྲོ་འོང་སྟབས་བདེ་ཅན་དུ་གཏོང་དགོས། ཀྲུང་གོའི་ཕྱོགས་ནས་པར་ཙིར་སྲིད་གཞུང་གིས་ཡ་མ་ཤུན་ཆར་ལྡན་ནགས་ཚལ་ལ་གནོད་འཚེ་ཐོན་རྒྱུ་གཏན་འགོག་བྱེད་པའི་ཐད་འབད་བརྩོན་བྱས་པར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ། པར་ཙིར་ཕྱོགས་ལ་གནོད་འཚེ་སེལ་བའི་ནུས་པ་ཡོད་པར་ཡིད་ཆེས་ཡོད། ཀྲུང་གོ་དང་ལ་ཏིང་ཨ་མི་རེ་ཁའི་རྒྱལ་ཁབ་ཁག་བར་ཕྱོགས་ཡོངས་སྤེལ་རེས་མཉམ་ལས་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། སྒོ་དབྱེ་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་རྒྱུ། གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱི་ལུགས་མཐུན་གོང་འཕེལ་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་པར་ཙིར་དུ་འབོ་སེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད་བྱ་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་དང་། ཕྱོགས་ཁག་དང་ལྷན་དུ། ཐུག་འཕྲད་ལེགས་འགྲུབ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།

          པོ་སུའོ་ན་ལོས། མི་རིང་བའི་གོང་ང་རང་ནས་ཀྲུང་གོར་ལེགས་གྲུབ་ལྡན་པའི་འཚམས་འདྲི་ཞུས་པ་བརྒྱུད། ང་ཚོའི་བར་པར་ཙིར་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་ཐུན་མོང་ངོས་འཛིན་མང་པོ་བྱུང་ལ། ང་རང་ནས་པར་ཙིར་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཁག་ནས་དེ་དག་གང་མགྱོགས་དོན་འཁྱོལ་བྱ་རྒྱུར་སྣེ་ཁྲིད་བྱེད་བཞིན་ཡོད། ཀྲུང་གོ་ནི་འཛམ་གླིང་སྟེང་ཤུགས་རྐྱེན་ངེས་ཅན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ། པར་ཙིར་ཕྱོགས་ཀྱི་ཉོ་ཚོང་རོགས་ཟླ་ཆེ་ཤོས་དེ་ཡང་ཡིན། པར་ཙིར་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་གུས་བཀུར་ཡི་རང་དང་། བརྩི་འཇོག མཛའ་གྲོགས་བཅས་ཀྱི་བརྩེ་སེམས་འཆང་བཞིན་ཡོད། པར་ཙིར་དང་ཀྲུང་གོའི་མཉམ་ལས་ཀྱིས་པར་ཙིར་གྱི་འབྱུང་འགྱུར་གོང་འཕེལ་ལ་ཉིན་བཞིན་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། པར་ཙིར་དང་ཀྲུང་གོའི་དཔལ་འབྱོར་བར་ཕན་ཚུན་གསབ་རེས་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད་ལ། མཉམ་ལས་ཁྱབ་ཁོངས་ཡང་ཉིན་བཞིན་རྒྱ་སྐྱེད་འགྲོ་བཞིན་ཡོད། པར་ཙིར་ཕྱོགས་ནས་ཀྲུང་གོའི་ཁེ་ལས་པར་ཙིར་དུ་མ་འཇོག་བྱེད་དུ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། གཏེར་རིགས། མ་བཅོས་རྡོ་སྣུམ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། པར་ཙིར་ཕྱོགས་ནས་ཀྲུང་གོའི་སྒོ་དབྱེའི་ཁྲོམ་རས་གལ་ཆེའི་གོ་སྐབས་བཏོད་པར་མཐོང་ཆེན་བྱེད་བཞིན་ཡོད་པས། རེ་བར་ཕྱོགས་གཉིས་ཉོ་ཚོང་རྒྱ་སྐྱེད་བཏང་བ་བརྒྱུད། པར་ཙིར་གྱི་ཞིང་ལས་ཐོན་རྫས་སྔར་ལས་མང་བ་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། པར་ཙིར་ཕྱོགས་ནས་ཀྱང་ཀྲུང་གོའི་ཁེ་ལས་དང་ཐོན་རྫས་པར་ཙིར་དུ་ནང་འདྲེན་བྱ་རྒྱུར་མཐུན་རྐྱེན་བཟང་པོ་བསྐྲུན་འདོད་ཡོད། པར་ཙིར་ཕྱོགས་ནས་སྟབས་བདེ་ཅན་གྱི་བྱ་ཐབས་བཟུང་བ་བརྒྱུད། ཕྱོགས་གཉིས་པོའི་མི་སྣའི་བར་གྱི་འགྲོ་འོང་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ནས་ཡ་མ་ཤུན་ཆར་ལྡན་ནགས་ཚལ་གནད་དོན་ཐད་ཀྱི་པར་ཙིར་གྱི་བདག་དབང་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཕྱོགས་ཁག་བར་གྱི་ཐུན་སྦྱོར་རོགས་ལས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། ཐུག་འཕྲད་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད།

          པོ་སུའོ་ན་ལོས། ཀྲུང་གོས་པར་ཙིར་ལ་ཡིད་ཆེས་དང་མཛའ་གྲོགས་བཅངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། པར་ཙིར་གྱིས་ཕུགས་ཕན་གྱི་མིག་རྒྱང་ཐོག་ནས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་མཐོང་ཆེན་བྱེད་པ་དང་། སྲོལ་རྒྱུན་མཛའ་གྲོགས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱེད་འདོད་ཡོད་ཅེས་བསྟན་འདུག

          མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་གསར་འགོད་པ་དང་ཐུག་འཕྲད་གནང་བ་མ་ཟད། ཕྱོགས་མང་མཉམ་ལས་ཡིག་ཆ་མང་པོ་བརྗེ་རེས་བྱས་པར་དཔང་པོ་གནང་ཡོད།
          ཏིང་ཤོལ་ཞང་དང་། ཡང་ཅེ་ཁྲེ། ཝང་དབྱི། ཧེ་ལི་ཧྥེང་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད།

རྩོམ་སྒྲིག་པ། བདེ་སྒྲོལ།