ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་འགོ་ཁྲིད་ཀྱི་ཐུག་འཕྲད་ཐེངས11པར་ཞུགས།

སྤེལ་དུས 2019-11-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་འགོ་ཁྲིད་ཀྱི་ཐུག་འཕྲད་ཐེངས་བཅུ་གཅིག་པར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ་མ་ཟད་ལག་བསྟར་བྱས་ཏེ།   འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།   ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ་བརྒྱུད།  མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་ཧུར་ཐག་གཏོད་དགོས་ཞེས་ནན་སྟོན་གནང་བ།
           ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་༡༡པའི་ཚེས་༡༤ཉིན། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱི་ཐུག་འཕྲད་ཐེངས་བཅུ་གཅིག་པ་པར་ཙིར་གྱི་རྒྱལ་ས་པར་ཙིར་ལི་ཡར་སྐོང་འཚོགས་བྱས་ཡོད། པར་ཙིར་གྱི་ཙུང་ཐུང་པོ་སུའོ་ན་ལུའོ་ཡིས་ཐུག་འཕྲད་གཙོ་སྐྱོང་གནང་ཡོད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མུ་ཏི། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུའུ་ས་བཅས་ཐུག་འཕྲད་ལ་ཞུགས་ཡོད། རྒྱལ་ཁབ་ལྔ་པོའི་འགོ་ཁྲིད་ནས་དཔལ་འབྱོར་འཕར་སྣོན་ལ་བརྟེན་ནས་མ་འོངས་གསར་གཏོད་བྱ་རྒྱུ་བརྗོད་དོན་གཙོ་བོར་བཟུང་ནས། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་། ཐུན་མོང་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད་པ་རེད། 

           ཞི་ཅིན་ཕིང་གིས་འགོ་བརྗོད་དུ་༼ལག་གདང་སྦྲེལ་ནས་མཉམ་ལས་ཀྱི་ལེའུ་གསར་པ་མཉམ་དུ་གཏོད་༽ཅེས་པའི་གསུང་བཤད་གལ་ཆེན་གནང་བ་དང་།  འབོ་གསེར་རྒྱལ་ཁབ་ཀྱིས་འཁུར་དགོས་ངེས་ཀྱི་འགན་འཁྲིའི་བསམ་བློ་མངོན་དགོས་པ་དང་། ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ་མ་ཟད་ལག་བསྟར་བྱས་ཏེ་ཞི་བདེ་བརྟན་ལྷིང་གི་བདེ་འཇགས་ཁོར་ཡུག་གཏོད་པ་དང་། སྒྱུར་བཅོས་གསར་སྐྲུན་གྱི་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏིང་ཟབ་གཏོང་བ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་སྟེ་མི་ཆོས་རིག་གནས་སྤེལ་རེས་བྱེད་རྒྱ་དང་བྱེད་ཚད་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་ནས།   ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དབང་གཅིག་མཐུན་མ་ལག་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། 
           ཞི་ཅིན་ཕིང་གིས།  ད་ཐེངས་ཀྱི་ཐུག་འཕྲད་ནི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་བ་འགྲོ་བའི་འགག་རྩའི་དུས་སྐབས་སུ་བྱས་པ་ཞིག་ཡིན།    ཚན་རྩལ་གསར་བརྗེ་གསར་པ་དང་ཐོན་ལས་བརྗེ་སྒྱུར་ཡར་ངོའི་ཟླ་བཞིན་གོང་འཕེལ་འགྲོ་ཡི་ཡོད།   གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གོང་འཕེལ་ཤུགས་ཆེན་འགྲོ་བའི་འཕེལ་ཚུལ་ནི་ལྡོག་ཏུ་མེད་པ་ཞིག་ཡིན་ཞིང་། དེས་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་བརྗེ་སྒྱུར་ཁྲོད་སྒུལ་ཤུགས་གལ་ཆེན་སྣོན་ཡོད།   མི་རྣམས་སེམས་ཁྲལ་བྱེད་དགོས་པ་ཞིག་ནི།  སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་།   བཅོས་སྐྱོང་མཚལ་ཡིག་དང་། འཕེལ་རྒྱས་མཚལ་ཡིག   ཡིད་ཆེས་མཚལ་ཡིག་བཅས་མང་དུ་ལས་ཉུང་དུ་མི་འགྲོ་བ། འཛམ་གླིང་དཔལ་འབྱོར་ཁྲོད་ཀྱི་བརྟན་ལྷིང་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་སོགས་ལོ་བརྒྱའི་ནང་འབྱུང་དཀོན་པའི་འགྱུར་ལྡོག་ཆེན་པོའི་མདུན་དུ།  འབོ་གསེར་རྒྱལ་ཁབ་ཀྱིས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་། མི་དམངས་ཀྱི་རེ་འབོད་ལ་ལན་བྱས་ནས།   འཁུར་དགོས་ངེས་ཀྱི་འགན་འཁྲི་འཁུར་དགོས་པ་དང་།  འཕེལ་རྒྱས་ལ་རེ་སྙེག་བྱེད་པའི་ལམ་བུའི་ཐོག་འགྱུར་མེད་མདུན་སྐྱོད་བྱེད་པ།   མཐུན་སྒྲིལ་མཉམ་ལས་ཀྱི་བརྒྱུད་རིམ་ནང་ལག་གདང་སྦྲེལ་ནས་འབད་འཐབ་བྱེད་པ་བཅས་ཀྱིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་།   འཛམ་གླིང་འཕེལ་རྒྱས་ཡོང་ཐབས་བྱ་དགོས།
           ཞི་བདེ་བརྟན་ལྷིང་གི་བདེ་འཇགས་ཁོར་ཡུག་གཏོད་དགོས།   འཛམ་གླིང་ཞི་བདེར་སྲུང་སྐྱོང་དང་།  ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་བ་དང་། དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་དང་།   གཉིས་ཕན་མཉམ་རྒྱལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་བ།  རྒྱལ་སྤྱིའི་བཅའ་ཁྲིམས་དང་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་རྨང་གཞིར་བྱེད་པ་བཅས་ཀྱི་ཐོག་ནས།  ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ་མ་ཟད་ལག་བསྟར་བྱེད་དགོས་ཞེས་བསྟན་གནང་བ་དང་།
           ཞི་ཅིན་ཕིང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་འབེན་དང་རྩ་དོན་ལ་སྲུང་སྐྱོང་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་བྱེད་པ། བཙན་དབང་རིང་ལུགས་དང་དབང་ཤེད་ཆབ་སྲིད་ལ་ངོ་རྒོལ་བྱེད་པ། ས་བབ་ཆབ་སྲིད་ཀྱི་གླེང་མང་བའི་གནད་དོན་ ཐག་གཅོད་བྱེད་པའི་འཕེལ་རིམ་ནང་ཧུར་ཐག་ཞུགས་དགོས་པ་དང་། འཐབ་ཇུས་འབྲེལ་གཏུག་དང་མཉམ་ལས་ཟབ་ཏུ་བཏང་ནས། འབོ་གསེར་ཐུན་མོང་གི་འབོད་སྒྲ་སྒྲོག་པ་བརྒྱུད།  རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
           སྒོ་དབྱེ་གསར་གཏོད་ཀྱི་འཕེལ་རྒྱས་མདུན་ལྗོངས་དོན་གཉེར་བྱ་དགོས།   འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏིང་ཟབ་བཏང་ནས།  ཉོ་ཚོང་དང་།  མ་འཇོག  གྲངས་གཞིའི་དཔལ་འབྱོར། མཉམ་སྦྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་བཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་བྱེད་དགོས་ཞེས་བསྟན་གནང་ཡོད།
           ཞི་ཅིན་ཕིང་གིས། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་དར་སྤེལ་ཧུར་ཐག་བཏང་ནས།  གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལྟེ་བར་བྱེད་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་དགོས་པ་དང་། འཕེལ་རྒྱས་ཀྱི་གནད་དོན་དེ་གོ་ལ་ཧྲིལ་པོའི་སྤྱི་ཁོག་སྲིད་ཇུས་ཀྱི་སྒྲོམ་གཞིའི་ལྟེ་བའི་གནས་བབ་ཐོག་འཇོག་རྒྱུར་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་༼ཕ་རི་སིའི་གྲོས་ཆོད་༽དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས།  དཔལ་འབྱོར་དང་། སྤྱི་ཚོགས། ཁོར་ཡུག་བཅས་ཁྱབ་ཁོངས་ཁག་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བྱེད་དགོས།
           ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་མི་ཆོས་རིག་གནས་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མི་ཆོས་རིག་གནས་སྤེལ་རེས་བྱེད་རྒྱ་དང་བྱེད་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་།   འབོ་གསེར་ཐོག་སྣོན་གྱི་མཉམ་ལས་ཀྱིས་སྟེགས་བུ་བྱས་ཏེ། ཤེས་དཔལ་མི་འདྲ་བ་དང་། རྒྱལ་ཁབ་མི་འདྲ་བའི་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱབ་པ་བརྒྱུད། འབོ་གསེར་རྒྱལ་ཁབ་ཀྱི་གྲོགས་ཚོམས་དེ་བས་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།  
           ཞི་ཅིན་ཕིང་གིས། ཀྲུང་གོས་སྒོ་དབྱེ་རྒྱ་སྐྱེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཚོང་ཟོག་དང་ཞབས་ཞུ་ནང་འདྲེན་མང་དུ་གཏོང་བ། ཕྱི་དངུལ་ཁྲོམ་རར་ཞུགས་འཐུས་རྒྱ་སྐྱེད་གཏོང་བ། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཕྱོགས་ཡོངས་དང་། བང་རིམ་མང་བ། ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་ཁྱོན་ཡོངས་སྒོ་དབྱེའི་རྣམ་པ་གསར་པ་ཞིག་གྲུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
           ཞི་ཅིན་ཕིང་གིས། ཀྲུང་གོས་མཉམ་གྲོས་དང་། མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་། སྒོ་དབྱེ་དང་། འབྱུང་འཕྲོད། དྭངས་གཙང་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་བརྒྱུད། སྤུས་ཚད་མཐོ་པོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་མུ་མཐུད་རང་བརྟེན་གསར་སྤེལ་གྱི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས། སྔ་བར་ཕྱི་གསུམ་དུ་ཞི་བདེ་གོང་འཕེལ་གྱི་ལམ་བུའི་སྟེང་བསྐྱོད་པ་དང་། སྔར་བས་ཟབ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་མ་ལག་མཉམ་འཛུགས་བྱ་རྒྱུ་དོན་གཉེར་བྱེད་པ། ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་པའི་ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་ལས་དབང་གཅིག་མཐུན་མ་ལག་གཏོད་པ། སྒོ་དབྱེ་ཁོག་ཡངས་དང་། གསར་གཏོད་འཕར་སྣོན། མཉམ་སྦྲེལ་མཉམ་མཐུད། མཉམ་ལས་མཉམ་རྒྱལ་བཅས་ཀྱི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དབང་གཅིག་མཐུན་མ་ལག་འཛུགས་པ། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་སྐྱོང་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པའི་དམིགས་འབེན་གྱི་ཕྱོགས་སུ་ཟམ་མི་ཆད་པར་མདུན་བསྐྱོད་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
 
           དེ་ཉིན། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ད་དུང་ནང་མོལ་ཚོགས་འདུ་སྐོང་འཚོགས་གནང་བ་དང་། ཞི་ཅིན་ཕིང་གིས་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་ཡོད། ཞི་ཅིན་ཕིང་གིས། འབོ་གསེར་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་བྱེད་པ་དེ་མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་དང་རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་འགྲོ་བའི་འཕེལ་ཚུལ་དང་མཐུན་གྱི་ཡོད། དེ་ནི་བལྟས་ན་སྟེས་དབང་ཡིན་ཀྱང་དོན་དངོས་ཐོག་ལོ་རྒྱུས་ཀྱི་ལྡོག་མེད་འཕེལ་ཚུལ་ཞིག་ཡིན། འབོ་གསེར་རྒྱལ་ཁབ་གོང་འཕེལ་སྟོབས་ཆེར་ཕྱིན་པ་དེས། རྒྱལ་སྤྱིའི་གནས་བབ་ལེགས་སྒྲིག་བྱེད་པའི་མགྱོགས་ཚད་དང་། གཞི་ཁྱོན། ཟབ་ཚད་བཅས་ལ་སྐུལ་ཁྲིད་ཐུབ་ནས། འཛམ་གླིང་ཆབ་སྲིད་དཔལ་འབྱོར་ཁྱབ་ཁོངས་ལ་གཞི་རྩ་ནས་འགྱུར་ལྡོག་འགྲོ་བཞིན་ཡོད། རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་། རང་ཉིད་གཅིག་པུར་འཕེལ་རྒྱས་འགྲོ་ཐབས་མེད་ལ། མ་དཔེ་གང་ཞིག་རྒྱལ་ཁབ་གཞན་ལས་ལེགས་པ་ཡོང་ངེས་ཡིན་པ་ཡང་མེད། འཛམ་གླིང་ཧྲིལ་པོ་ཅན་གྱི་དུས་རབས་སུ། ཚང་མས་མཉམ་དུ་ཚང་མར་བདེ་སྐྱིད་སྐྲུན་དགོས་པ་ལས་གཅིག་གིས་གཅིག་ལ་ངོ་རྒོལ་བྱེད་རྒྱུ་དེ་མིན། ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བའི་ལྟེ་བའི་དོན་སྙིང་ནི། རྒྱལ་སྤྱིའི་སྟེང་གི་བྱ་དོན་ཚང་མ་མཉམ་དུ་གྲོས་བསྡུར་བྱས་ནས་སྒྲུབ་པ་ལས་རྒྱལ་ཁབ་གཅིག་གམ་ཡང་ན་རྒྱལ་ཁབ་ཉུང་ཤས་ཤིག་གིས་བཤད་པར་བརྩི་མི་རུང་། ཀྲུང་གོས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལ་དགོས་ངེས་ཀྱི་སྒྱུར་བཅོས་བྱེད་པར་རྒྱབ་སྐྱོར་ཞུ་ཡི་ཡོད་ལ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད། དེའི་ནང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་དབང་དགོས་ངེས་ཀྱི་དམིགས་བསལ་དང་ཧེ་བག་ཡོད་པའི་ཐོབ་ཐང་ཡང་ཚུད་ཡོད་ཅེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གིས། དར་རྒྱས་གོང་འཕེལ་མངོན་འགྱུར་ཡོང་བར། ཐོག་མར་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་ས་ཁུལ་མང་པོར་ཐོན་པའི་ཟིང་འཁྲུག་ལ་ཕྱི་ཕྱོགས་ཐེ་ཇུས་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐབ་ཇུས་སྤེལ་རེས་ཤུགས་ཆེར་གཏོང་བ། མཉམ་ལས་བྱས་ནས་ཉམས་ཉེན་དང་འགྲན་རྩོད་ལ་ཁ་གཏད་གཅོག་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། འབོ་གསེར་རྒྱལ་ཁབ་ཀྱིས་འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཤུགས་ཆེར་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ལྔ་པོའི་མི་དམངས་དང་། རྒྱ་ཆེའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ། འཛམ་གླིང་ཞི་བདེ་དང་གོང་འཕེལ་བཅས་ལ་སྔར་བས་འོད་སྣང་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་བསྟན་གནང་ཡོད།
           པོ་སུའོ་ན་ལུའོ་དང་། ཕུའུ་ཅིང་། མུ་ཏི། ལ་མ་ཧྥུ་ས་བཅས་ཀྱིས། མིག་སྔའི་གནས་བབ་ཁྲོད་གཏན་འཁེལ་མིན་པའི་རང་བཞིན་དང་བརྟན་ལྷིང་མིན་པའི་རྒྱུ་རྐྱེན་སྔར་བས་མང་དུ་འགྲོ་བ་དང་། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་ཐོན་ནས། རྒྱལ་ཁབ་ཁག་གི་བདག་དབང་དང་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་སྙིང་སྟོབས་ཀྱི་ཐོག་ནས་སྤེལ་རེས་རོགས་ལས་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དམིགས་འབེན་དང་རྩ་དོན་ལ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ། དྲང་གཞག་དང་། ཁ་གསལ། སྒོ་དབྱེ་བཅས་ཀྱི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོང་བྱས་ནས། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། རྒྱལ་ཁབ་ཁག་གིས་རང་བདག་གདམ་ག་བྱས་པའི་གོང་འཕེལ་ལམ་བུར་རྒྱབ་སྐྱོར་བྱེད་པ་དང་། ཕན་ཚུན་གྱི་བདག་དབང་ལ་བརྩི་འཇོག་བྱེད་པ། ཕྱི་ཕྱོགས་ཐེ་ཇུས་ལ་ངོ་རྒོལ་བྱེད་པ། རང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པ། སྤེལ་རེས་བྱས་པ་བརྒྱུད་རྩོད་གཞི་ཐག་གཅོད་བྱེད་པ་བཅས་ཀྱིས། རྒྱལ་སྤྱིའི་འཐབ་ཇུས་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་ཆེད་ནུས་པ་སྔར་བས་ལྷག་པ་འདོན་སྤེལ་བྱེད་དགོས། རྒྱལ་ཁབ་ཁག་གིས་སྔར་བས་སྟབས་བདེ་ཅན་གྱི་བྱ་ཐབས་བཟུང་བ་བརྒྱུད། ཕན་ཚུན་ཉོ་ཚོང་དང་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་། གྲངས་གཞིའི་དཔལ་འབྱོར། ནུས་ཁུངས། དངུལ་རྩ། མཉམ་སྦྲེལ་མཉམ་མཐུད། སྐྱེ་དངོས་སྣེ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་གནང་ཡོད།
           རྒྱལ་ཁབ་ལྔ་པོའི་འགོ་ཁྲིད་མི་སྣས། ཕྱར་བ་གྲུ་འདེགས་ཀྱིས་འབོ་གསེར་མཉམ་ལས་སྒྲིག་གཞིར་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུའི་ཞལ་བཞེས་གནང་ཡོད།
           ཐུག་འཕྲད་སྐབས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད་ཐེངས་བཅུ་གཅིག་པའི་པར་ཙིར་ལི་ཡའི་བསྒྲགས་གཏམ་ཞེས་པ་སྤེལ་ཡོད།
           ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་ཐུག་འཕྲད་ནང་ཞུགས་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།