ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་སུ་ཞུགས་པར་ཕེབས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཇལ་འཕྲད་གནང་བ།

སྤེལ་དུས 2019-12-05 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
              སྤྱི་ཚེས་གསུམ་ཉིན། མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་སུ་ཞུགས་པར་ཕེབས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཇལ་འཕྲད་གནང་ཡོད། ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་ཁབ་བཅོས་སྐྱོང་ལམ་བུ་དང་མིག་སྔའི་རྒྱལ་སྤྱིའི་གནས་བབ་ཐད་ཀྱི་བལྟ་སྟངས་ངོ་སྤྲོད་གནང་ཡོད།
              ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་ཞིག་རེད། ལོ་རྒྱུས་རང་བཞིན་གྱི་ལོ་ཚིགས་དེ་འདྲ་ཞིག་གིས་མི་དམངས་ལ་བསམ་གཞིག་བྱ་ཡུལ་མང་པོ་ཞིག་སྤྲོད་སྲིད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་སོང་རིང་། རླབས་ཆེ་བའི་གོང་འཕེལ་གྱི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་བུ་ནི་ཀྲུང་གོ་གོང་འཕེལ་དང་བརྟན་ལྷིང་ཡོང་བའི་ཆེས་རྩ་བའི་རྒྱུ་རྐྱེན་དེ་ཡིན། དེར་རྒྱལ་ཡོངས་མི་དམངས་ཀྱི་སྲུང་བརྩི་དང་རྒྱབ་སྐྱོར་ཐོབ་ཡོད། ང་ཚོས་མུ་མཐུད་དེ་རང་ཉིད་ཀྱིས་གདམ་ཁ་བྱས་པའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་ངེས་རེད། ཀྲུང་གོས་མུ་མཐུད་དེ་བསྒྱུར་བཅོས་སྒོ་དབྱེ་རྒྱུན་འཁྱོངས་བྱས་ནས། དུས་བཀག་ལྟར་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན། ང་རང་ནས་ཀྲུང་གོའི་མ་འོངས་ལ་ཡིད་ཆེས་ཀྱིས་ཁེངས་ནས་ཡོད་ཅེས་གསུངས་ཡོད།
              ཞི་ཅིན་ཕིང་གིས། ཀྲུང་གོས་སྔ་བར་ཕྱི་གསུམ་དུ་རྒྱལ་ཁབ་ཁག་གི་མི་དམངས་ལ་རང་ཉིད་ཀྱི་རྒྱལ་ཚུལ་དང་འཚམས་པའི་གོང་འཕེལ་གྱི་ལམ་བུ་གདམ་ཁ་བྱེད་དབང་ཡོད་པའི་འདོད་ཚུལ་བཟུང་གི་ཡོད། འཛམ་གླིང་ཐོག་རྒྱལ་ཁབ་དང་མི་རིགས་སུ་འདྲ་ཞིག་ཡིན་རུང་ལོགས་ལམ་དང་གཞན་གྱི་ལམ་བུའི་ཐོག་བསྐྱོད་ནས་རང་ཉིད་ཀྱི་གོང་འཕེལ་དང་དར་རྒྱས་མངོན་འགྱུར་ཐུབ་པ་བྱེད་མཁན་མེད་ལ། འགྱུར་ལྡོག་མེད་པའི་ལམ་ཞིག་གིས་རྒྱལ་ཁབ་དང་མི་རིགས་ཤིག་གོང་འཕེལ་དར་རྒྱས་ཕྱོགས་སུ་འཁྲིད་སྟོན་ཐུབ་པའང་མེད། ཀྲུང་གོས་རང་ཉིད་ཀྱི་དོན་དངོས་ལག་ལེན་ལས་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་ན་བཙན་དབང་རིང་ལུགས་བཟུང་བའི་དགོས་པ་མེད་ཅེས་པ་ར་སྤྲོད་བྱེད་བཞིན་ཡོད་ཅེས་གསུངས་ཡོད།
              ཞི་ཅིན་ཕིང་གིས། མིག་སྔའི་འཛམ་གླིང་གི་གནས་བབ་ཆེན་པོར་འགྱུར་ལྡོག་ཤུགས་ཆེན་འགྲོ་བཞིན་ཡོད་པ་དང་། ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བར་ཡང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་འགྲོ་བཞིན་ཡོད། མི་འབོར་དུང་ཕྱུར་བཅུ་བཞི་ཟིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཀྲུང་གོ་རང་ཉིད་ཀྱི་དོན་དག་ཡག་པོ་བསྒྲུབ་རྒྱུ་དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་དེ་རེད། དུས་མཚུངས། ང་ཚོས་དེ་བསྟུན་གྱི་རྒྱལ་སྤྱིའི་འོས་འགན་དང་འགན་འཁྲི་འཁུར་འདོད་ཡོད། མིག་སྔར་གོ་ལའི་བཅོས་སྐྱོང་གནས་བབ་རྙོག་འཛིང་ཆེ་ཞིང་། རྒྱལ་སྤྱིའི་སྒྲིག་ལམ་ཡང་འགག་རྩའི་བཞི་མདོ་ཁར་གནས་ཡོད། དེའི་ངོ་བོ་གཙོ་བོ་ནི་ཕྱོགས་མང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་གང་གི་ཕྱོགས་སུ་སྐྱོད་རྒྱུའི་གནད་དོན་དེ་རེད། ད་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་དེ་ཙམ་འཐུས་སྒོ་ཚང་པོ་མེད། འོན་ཀྱང་མགོ་རྟིང་སློག་པའི་དགོས་པ་མེད་ལ། ཐབ་གསར་འཛུགས་པའི་དགོས་པའང་མེད། དེ་ལས་ལྡོག་ཏེ་ད་ཡོད་ཀྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་ཐོག་རིམ་བཞིན་བསྒྱུར་བཅོས་དང་འཐུས་སྒོ་ཇེ་ཚང་དུ་བཏང་ན་འགྲིག་གི་ཡོད་ཅེས་ནན་སྟོན་གནང་ཡོད།
              ལ་ཐོ་ཝུའེ་ཡའི་ཙུང་ཐུང་ཟུར་པ་ཧྥོ་ལའེ་པེ་ཅ་དང་། ཐན་སང་ཉི་ཡའི་ཙུང་ཐུང་ཟུར་པ་མུ་ཁ་ཕ། ལྗར་པན་གྱི་དབུ་ཞུགས་བློན་ཆེན་ཟུར་པ་ཅེའུ་ཧྲན་ཡའུ་ཅི་ཧྥུ། ཕོ་ཧེའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཟུར་པ་དབྱི་ཝན་ཉི་ཆི། ཨ་རིའི་ཙུང་ཐུང་ཟུར་པ་པུའུ་ཧྲེ་རྒན་པའི་བུ་གསུམ་པ་ཉི་འར་པུ་ཧྲེ། སི་ལོ་ཝུན་ཉི་ཡའི་ཙུང་ཐུང་ཟུར་པ་ཐུ་འར་ཁེ་སོགས་ཕྱི་རྒྱལ་གྱི་སྐུ་མགྲོན་ནས་སྔ་རྗེས་སུ་གཏམ་བཤད་གནང་བ་དང་། ཚང་མས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ནས། ཀྲུང་གོའི་གོང་འཕེལ་ལ་ཐོབ་པའི་རླབས་ཆེའི་གྲུབ་འབྲས་ལ་ཡིད་སྨོན་ཆེན་པོ་སྐྱེས་ཀྱི་འདུག ཀྲུང་གོས་འཛམ་གླིང་ཞི་བདེར་སྲུང་སྐྱོབ་དང་། རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་བར་བསྔགས་བརྗོད་ཞུས་གནང་ཞིང་། ཀྲུང་གོའི་མི་དམངས་ནས་སྔར་ན་མེད་པའི་རང་དབང་ཞིག་ཉམས་སུ་མྱོང་བཞིན་ཡོད། ཀྲུང་གོ་ཉིད་ཤུགས་རྐྱེན་ནུས་པ་ཆེན་པོ་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་མུ་མཐུད་གོང་འཕེལ་ཆེན་པོ་ཡོང་ངེས་ཡིན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཅེས་ཡོད་ཅེས་དང་། ཁོང་རྣམ་པས། ཀྲུང་གོས་བསྒྱུར་བཅོས་སྒོ་དབྱེ་རྒྱུན་འཁྱོངས་བྱས་པ་དེས་འཛམ་གླིང་རྒྱལ་ཁབ་ཁག་དང་ལྷག་པར་དུ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་པ་ཐོབ་ངེས་རེད། འོན་ཀྱང་། མིག་སྔར་རྒྱལ་ཁབ་རེ་གཉིས་ཀྱིས་རང་རྒྱལ་ཁབ་སྔོན་ལ་འཇོག་པ་དང་། ཕྱོགས་རྐྱང་རིང་ལུགས་ལག་བསྟར་བྱེད་ཀྱི་ཡོད་པས་འགལ་ཟླ་དང་རྩོད་གཞི་མང་དུ་སོང་ཡོད། འཛམ་གླིང་གིས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། གོ་ལའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ཏེ་གཞུང་དྲང་། ལུགས་མཐུན། སྣ་མང་ཅན་བཅས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ཞིག་གཏོད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་སོགས་ཀྱི་གྲོས་འགོ་གལ་ཆེན་གྱིས་འཛམ་གླིང་གི་ཞི་བདེ་དར་རྒྱས་ལ་སྐུལ་འདེད་དང་། འཛམ་གླིང་སྣེ་མང་ཅན་དང་རྒྱུན་མཐུན་གོང་འཕེལ་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོས་མུ་མཐུད་དེ་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་སོགས་གོ་ལའི་རང་བཞིན་གྱི་འགྲན་རྩོད་ཁྲོད་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུའི་རེ་བ་ཡོད། ཕྱོགས་ཁག་གིས་ཀྲུང་གོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱིས་ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་རྒྱལ་ཡོང་བའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་ཡོད་པ་རེད།
              མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཉམ་སྡེབ་སྐུ་པར་བསྐྱོན་ཡོད། ཡང་ཅེའི་ཁྲེ་དང་ཝང་དབྱི་སོགས་གོང་འཕེལ་གྱི་མཇལ་མོལ་ནང་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།