ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཐོ་སྒང་གི་བོད་རིགས་མེ་འཁོར་འགོ་བ་དཀོན་མཆོག་ཆོས་སྒྲོན།

སྤེལ་དུས 2020-01-16 ཡོང་ཁུངས། བོད་ལྗོངས་མགྱོགས་འཚོལ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

མེ་འཁོར་མ་བཏང་གོང་དཀོན་མཆོག་ཆོས་སྒྲོན་གྱིས་འཁོར་སྒྲོམ་ནང་སྐོར་ཞིབ་བྱེད་བཞིན་པ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “ཉི་འོད་གྲོང་ཁྱེར”ཞེས་སུ་གྲགས་པའི་ལྷ་ས་གྲོང་ཁྱེར་གྱིས་དུང་གི་ཟླ་འོད་གོས་སུ་གྱོན་ནས་རྨི་ལམ་གྱི་ཞིང་ཁམས་འགྲིམ་པའི་དུས་སུ། མདོ་དབུས་ལྕགས་ལམ་གྱི་ལྷ་ས་ནས་གཞིས་ཀ་རྩེར་བསྐྱོད་པའི་མཚམས་ཀྱི་བོད་རིགས་མེ་འཁོར་འགོ་བ་དཀོན་མཆོག་ཆོས་སྒྲོན་ལགས་ཟླ་འོད་འོག་ཏུ་མེ་འཁོར་འབབ་ཚུགས་སུ་བསྐྱོད་དེ། ཉིན་དེའི་ཐེངས་གཉིས་ཀྱི་འགྲུལ་སྐྱེལ་ལས་ཀའི་མགོ་རྩོམ་པར་གྲ་སྒྲིག་བྱེད་བཞིན་མཆིས། 
          དཀོན་མཆོག་ཆོས་སྒྲོན་ཝུའུ་ཧན་ལྕགས་ལམ་ལས་རིགས་ལག་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས། མདོ་དབུས་ལྕགས་ལམ་ཀུང་སིར་ལས་ཀ་བགོས་ཤིང་། དུས་དེ་ནས་བཟུང་། ཁོ་མོའི་ལང་ཚོ་མཐའ་དག་ལྕགས་ལམ་དང་མཉམ་དུ་སྦྲེལ་བ་རེད། 2014ལོར་མདོ་དབུས་ལྕགས་ལམ་གྱི་སྣེ་མོ་བསྲིངས་ཏེ་ལྷ་ས་ནས་གཞིས་ཀ་རྩེའི་བར་གྱི་ལྕགས་ལམ་དངོས་སུ་ཤར་གཏོང་བྱེད་འགོ་ཚུགས་པ་དང་། སྐབས་དེར་དཀོན་མཆོག་ཆོས་སྒྲོན་མེ་འཁོར་གཏོང་ཐེངས་དང་པོའི་མེ་འཁོར་འགོ་བ་ཡིན་པའི་ཆ་ནས་མེ་འཁོར་ལ་བསྡད་དེ་ཐེངས་དང་པོར་བོད་ལྗོངས་ཀྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་གཞིས་ཀ་རྩེར་སླེབས་པ་ཡིན། ལྷ་ས་ནས་གཞིས་ཀ་རྩེའི་དབར་གྱི་ལྕགས་ལམ་དེ་གཡུ་འབྲུག་འཁྱུག་པ་ལྟར་ཡར་ཀླུང་གཙང་པོའི་འགྲམ་ངོགས་བརྒྱུད་ནས་བསྐྲུན་ཡོད་ལ། ལྕགས་ལམ་འདིའི་ཐོག་མེ་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་དེས་ས་གནས་འདིའི་མི་རིགས་སོ་སོའི་མང་ཚོགས་རྣམས་ལ་སྟབས་བདེ་ཞིང་མགྱོགས་མྱུར་ངང་འགྲུལ་བཞུད་བྱེད་པར་གདམ་ག་བཟང་བོ་ཞིག་སྤྲད་ཡོད་པ་རེད། 
          དཀོན་མཆོག་ཆོས་སྒྲོན་གྱིས་བཤད་རྒྱུར། ལྕགས་ལམ་གྱིས་མཐོ་སྒང་གི་མང་ཚོགས་རྣམས་ཀྱི་ཕྱི་རོལ་འགྲུལ་སྐྱོད་ཀྱི་ཚད་ཆེ་རུ་བཏང་བ་མ་ཟད། བོད་རིགས་ན་གཞོན་ཚོར་ལས་ཞུགས་ཀྱི་གོ་སྐབས་ཀྱང་གསར་པ་འདོན་སྤྲོད་བྱས་ཡོད། དཀོན་མཆོག་ཆོས་སྒྲོན་ནི་བོད་རིགས་བུད་མེད་མེ་འཁོར་འགོ་བ་ཞིག་ཡིན་པའི་ཆ་ནས་བོད་རིགས་མང་ཚོགས་དང་འབྲེལ་འདྲིས་བྱེད་པར་སྟབས་ཧ་ཅང་བདེ་ཞིང་། ཁོང་མོས་མེ་འཁོར་སྟེང་ནས་རྒན་པ་རྣམས་ལ་རང་ཉིད་ཀྱི་འཚར་ལོངས་གཏམ་རྒྱུད་བརྗོད་པ་མ་ཟད། ན་གཞོན་འགྲུལ་པ་རྣམས་ལ་རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་མཉམ་སྤྱོད་ཀྱང་བྱེད་ཀྱིན་ཡོད། ཁོང་མོས་ལྕགས་ལམ་དྲ་བ་མཐོ་སྒང་འཛིན་མའི་ཁྱོན་ལ་ཡོངས་སུ་སྦྲེལ་བ་དང་བསྟུན་ནས་བོད་རིགས་མེ་འཁོར་འགོ་བ་དང་མེ་འཁོར་ཁ་ལོ་བ་དེ་བས་མང་བ་ཐོན་ནས་ཁོང་ཚོའི་ལས་རིགས་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་ཐུབ་རྒྱུ་རེད་ཅེས་བཤད།

ཞོགས་པར།དཀོན་མཆོག་ཆོས་སྒྲོན་གྱིས་མཛེས་སྤྲས་བྱེད་བཞིན་པ།

དཀོན་མཆོག་ཆོས་སྒྲོན་(གཡས)གྱིས་འགྲུལ་པ་དང་ཁ་བརྡ་གློད་བཞིན་པ།

དཀོན་མཆོག་ཆོས་སྒྲོན་(གཡས)གྱིས་མེ་འཁོར་གྱི་ཞབས་ཞུ་མ་དང་གླེང་མོལ་བྱེད་བཞིན་པ།

མེ་འཁོར་མ་བཏང་གོང་དཀོན་མཆོག་ཆོས་སྒྲོན་(གཡས་)དང་མེ་འཁོར་གྱི་ཞབས་ཞུ་མ་གཉིས་ཀྱིས་མཉམ་དུ་མེ་འཁོར་གྱི་སྒོ་ལ་ཞིབ་བཤེར་བྱེད་བཞིན་པ།

དཀོན་མཆོག་ཆོས་སྒྲོན་(གཡོན་)གྱིས་ལས་གྲོགས་དང་གླེང་མོལ་བྱེད་བཞིན་པ།

དཀོན་མཆོག་ཆོས་སྒྲོན་(གཡས་ཀྱི་དང་པོ་)གྱིས་ལས་གྲོགས་དང་མཉམ་དུ་འགྲུལ་པ་མེ་འཁོར་ལས་འབབ་རོགས་བྱེད་བཞིན་པ།

དཀོན་མཆོག་ཆོས་སྒྲོན་གྱིས་མེ་འཁོར་གྱི་འགྲུལ་ཆས་བང་སྒྲོམ་ལ་ཞིབ་བཤེར་བྱེད་བཞིན་པ།

དཀོན་མཆོག་ཆོས་སྒྲོན་གྱིས་མེ་འཁོར་ཐོག་བཟའ་ཆས་འཚོང་བའི་སྤུས་ཚད་འགན་ལེན་དུས་ཚོད་ལ་ཞིབ་བཤེར་བྱེད་བཞིན་པ།

དཀོན་མཆོག་ཆོས་སྒྲོན་གྱིས་མཚེ་འཕྲིན་ལ་བརྟེན་ནས་ལས་གྲོགས་དང་འབྲེལ་གཏུག་བྱེད་བཞིན་པ།
རྩོམ་སྒྲིག་པ། རིག་གྲོལ།