ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་ནེ་པི་ཏུའུ་རུ་ཕེབས་འབྱོར་ཟིན་པ།

སྤེལ་དུས 2020-01-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            ཞི་ཅིན་ཕིང་ནེ་པི་ཏུའུ་རུ་ཕེབས་འབྱོར་ཟིན་ནས་འབར་མ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་བ།
            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ1པོའི་ཚེས17¬ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ནེ་པི་ཏུའུ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་ནས་འབར་མ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
            ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་འབར་མའི་མངའ་ཁོངས་བར་སྣང་དུ་འབྱོར་སྐབས་འབར་མའི་དམག་འཐབ་གནམ་གྲུ་གཉིས་ཀྱིས་སྲུང་སྐྱེལ་བྱས་པ་རེད། ཞི་ཅིན་ཕིང་ཕེབས་འབྱོར་ཟིན་སྐབས་འབར་མའི་ཙུང་ཐུང་གཞོན་པ་དང་པོ་མིན་རུའེ་ཡིས་ནང་བློན་ཁང་གི་པུའུ་ཀྲང་མང་པོའི་སྣེ་ཁྲིད་དེ་གནམ་གྲུའི་སྐས་འཛེག་འགྲམ་དུ་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུར་བཅར་ཡོད་པ་རེད། འབར་མའི་ལོ་ཆུང་བྱིས་པས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་ཡོད། ཞི་ཅིན་ཕིང་ནས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་འབར་མའི་སྲིད་གཞུང་དང་འབར་མའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་འབར་མ་ནི་རི་ཆུ་འབྲེལ་བའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་བར་སྤུན་ཟླའི་བརྩེ་དུང་ཟབ་མོ་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ70¬སོང་རིང་། ཀྲུང་འབར་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་དར་སྤེལ་བཏང་བའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་མཐའ་འཁྱོངས་བྱས་ཏེ་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། ང་རང་ནས་འབར་མའི་འགོ་ཁྲིད་པ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ། སྤུན་ཟླའི་བརྩེ་དུང་ཐུན་མོང་ཐོག་རྒྱུན་འཛིན་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་དམ་ཟབ་བྱས་ཏེ་ཀྲུང་འབར་གྱི་འབྲེལ་བ་སྐས་རིམ་གསར་པ་དང་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད། ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་ཕེབས་འབྱོར་ཟིན་པ་དང་། འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་ཧའེ་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།
            མི་རིགས་ཁག་གི་སྲོལ་རྒྱུན་གྱོན་ཆས་གྱོན་པའི་འབར་མའི་གཞོན་ནུ་ཚོས་ལམ་གྱི་གཡས་གཡོན་གཉིས་སུ་ལངས་ནས་དགའ་བསུ་ཞུས་ཡོད་པ་རེད། གུས་ལུགས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་ལངས་ཏེ་གུས་འདུད་ཞུས་པ་རེད། ས་གནས་དེ་གའི་སྒྱུ་རྩལ་པ་དང་སློབ་ཆེན་སློབ་མ་ཚོས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་སྲོལ་རྒྱུན་གྱི་གླུ་གར་འཁྲབ་སྟོན་བྱས་པ་རེད། འབར་མའི་གཞོན་ནུ་ལོ་ཆུང་གིས་ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ཏེ་༼ཀྲུང་གོ་དང་འབར་མའི་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག༽ ༼ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་གཟུགས་བདེ་ཐང་ཡོང་བ་ཤོག༽ཅེས་དགའ་འབོད་བྱས་ཏེ་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་ནས་འཛུམ་དམུལ་དམུལ་ངང་ཁོང་ཚོར་ཕྱག་གཡུག་གཡུག་གནང་ཡོད།
            ཞི་ཅིན་ཕིང་བཞུགས་པའི་རླངས་འཁོར་རུ་ཁག་གནམ་གྲུ་ཐང་དང་ཁ་བྲལ་ནས་གྲོང་ཁུལ་དུ་སོང་བ་དང་། གནམ་ཐང་གི་རྒྱལ་སྒོའི་སྟེང་དུ་༼ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འབར་མར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་༽ཞེས་དང་། ༼འབར་མ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བླ་ན་མེད་པའི་གུས་འདུད་ཞུ་༽ཞེས་པའི་སྦྱར་ཡིག་དམར་པོ་བཀལ་ཡོད། ལམ་རྒྱུད་ཀྱི་གཞོགས་གཉིས་སུ་ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་ཞིང་། ཞི་ཅིན་ཕིང་གི་སྐུ་པར་ཆེན་པོ་དང་༼ཀྲུང་གོ་དང་འབར་མའི་དབར་གྱི་སྤུན་ཟླའི་མཛའ་གྲོགས་ཟབ་མོ་མི་ཉམས་ཡུན་གནས་༽ཞེས་པ་དང་། ༼ཀྲུང་གོ་དང་འབར་མའི་མཛའ་གྲོགས་མཉམ་ལས་ཟམ་མི་ཆད་པར་གོང་འཕེལ་འགྲོ་བ་༽ཞེས་པ་སོགས་བྲིས་པའི་སྦྱར་ཡིག་ཆེན་པོ་གང་སར་མཐོང་རྒྱུ་ཡོད། ས་གནས་དེ་གའི་དམངས་ཚོགས་ཀྱིས་གླུ་ལེན་གར་འཁྲབ་དང་། གཞོན་ནུ་སློབ་མ་ཚོས་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ཏེ་འབར་མའི་མི་དམངས་ལ་དམིགས་བསལ་དུ་ཡོད་པའི་བབ་ཆགས་ཀྱི་རྣམ་འགྱུར་ཐོག་ནས་ཆེས་གུས་པར་འོས་པའི་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད་པ་རེད།

རྩོམ་སྒྲིག་པ། སངས་སྐྱབས།