དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དཀའ་སྡུག་གི་འཚོ་བར་མགོ་མ་སྒུར་བའི་རྐང་ཚ་ཆོས་ཚའི་བུ་རྒོད་འབྲུག་ཐར་རྒྱལ།

སྤེལ་དུས 2020-05-15 ཡོང་ཁུངས། གངས་ལྗོངས་འཕྲིན་གསར། རྩོམ་པ་པོ། དབང་ཆེན་དོན་འགྲུབ། ཚེ་དབང་སྐྱིད།
        དབྱར་འགོ་མ་སླེབས་མ་ཐག་པའི་སྐབས་འདིར། རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་ཆོས་ཚ་སྡེ་བའི་རྩྭ་ཐང་ནི་སྔར་བཞིན་གྲང་ཤུར་ཤུར་ཞིག་ཡིན་མོད། འོན་ཀྱང་འབྲོག་པ་འབྲུག་ཐར་རྒྱལ་ཚང་གི་ལྷས་རར་དྲོད་ཀྱིས་ཁེངས་ཡོད། ལྷས་རའི་ནང་བེའུ་མང་བོ་ཡར་ལྡིང་མར་ལྡིང་བྱེད་བཞིན་ཡོད་ལ། བེའུ་དེ་ཚང་མ་དབུལ་ཐར་འགག་སྒྲོལ་ལས་བྱུང་བའི་བདེ་སྐྱིད་ཀྱི་ལེགས་སྐྱེས་རེད།
        འབྲུག་ཐར་རྒྱལ་ཚང་གི་ཁྱིམ་དུ་སྐྱོད་སྐབས་གཙང་སྦྲ་དོད་པའི་ཁྱིམ་གྱི་ཕྱི་ནང་དང་། མཛེས་སྡུག་ལྡན་པའི་གཞིས་ཁྱིམ་དག་མིག་ལ་མངོན་ཡོང་ལ། དེ་མིན་ཁྱིམ་ཆས་གསར་པ། དེང་རབས་ཅན་གྱི་ཁྱིམ་སྤྱོད་གློག་ཆས་བཅས་གང་དགོས་ཚང་མ་འཛོམས་འདུག ཁང་བའི་ནང་ལྷོག་ལྷོག་ཏུ་གདུ་བའི་འོ་ཇའི་དྲི་ཞིམ་དང་ལུག་ཤའི་བྲོ་བ་འཐུལ་འདུག་ལ། བདེ་སྐྱིད་འབྱོར་འབྲིང་ཁྱིམ་ཚང་གི་རྣམ་པ་ཞིག་ངང་གིས་ཤར་ཡོང་།  སྐབས་དེར་གདོང་ལ་སྤྲོ་སྣང་གིས་ཁེངས་བའི་འབྲུག་ཐར་རྒྱལ་གྱིས་བཤད་རྒྱུར། དབུལ་ཐར་འགག་སྒྲོལ་ལས་དོན་སྤེལ་བས་ངའི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བས་ཏང་དང་སྲིད་གཞུང་གི་བཀའ་དྲིན་གྱི་ཐུ་འོག་ནས་འཚོ་བར་རེ་བ་དང་ཡིད་ཆེས་རྙེད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཟེར།

        ལས་གཏོད་ཀྱི་སྐོར་གླེང་སྐབས་མི་མང་པོ་ཞིག་གིས“སྦྲེལ་དྲ+”དང“རྒྱུ་ནོར་རང་དབང”བཅས་ཀྱི་ཐ་སྙད་དེ་རིགས་ཡིད་ལ་འཆར་ཡོང་ལ། དེ་ནི་འབྱོར་ལྡན་གྲོང་ཁྱེར་ཧྲང་ཧེ་དང་ཧྲིན་ཀྲིན་ལྟ་བུའི་ལས་གཏོད་ཀྱི་གཏམ་རྒྱུད་ཅིག་རེད། ཡིན་ཡང་དཔལ་དགེ་གྲོང་རྡལ་ཆོས་ཚ་སྡེ་བར་འབྲོག་པ་ལས་གཏོད་པ་འདི་འདྲ་ཞིག་ཡོད་ཅིང་། ཁོས་རང་ཉིད་ཀྱི་བློ་གྲོས་དང་བརྩོན་འགྲུས་ལ་བརྟེན་ནས་དངོས་སྒྲུབ་དང་རྔུལ་ཆུས་རང་ཉིད་ཀྱི་འཚོ་བའི་རྣམ་པར་འགྱུར་བ་གཏོང་གིན་ཡོད།

        ལོ39ལ་སོན་པའི་འབྲུག་ཐར་རྒྱལ་གྱི་གདོང་ལ་ནམ་རྒྱུན་སྤོབས་པའི་འཛུམ་གྱིས་ཁེངས་ཤིང་། ཆུང་དུས་ནས་ཕྱུགས་འཚོས་ནས་འཚར་ལོངས་བྱུང་བའི་ཁོ་ལ་རིག་གནས་ཀྱི་ཆུ་ཚད་ཅི་ཡང་མེད་མོད། འོན་ཀྱང་ཁོའི་བློ་རིག་བཀྲ་ཞིང་སྤྱང་གྲུང་འཛོམས་ལ་བསམ་གཞིགས་གཏོང་བའི་ནུས་པ་ལྡན་པ་དང་། བསམ་ཕོད་པ་དང་སྒྲུབ་ཕོད་པའི་བོད་པ་རེ་བ་ཅན་ཞིན་ཡིན།  དུས་ཐུང་ལོ་ཤས་རིང་འབྲུག་ཐར་རྒྱལ་གྱི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་བ་བྱུང་ཡོད།  ལོ་ཤས་གོང་གི་དབུལ་བོ་དབུལ་རྐྱང་ནས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་གླེང་སྐབས་ཁོས་འཛུམ་དམུལ་དམུལ་ངང་བཤད་རྒྱུར་ད་ལྟའི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་ཇེ་བཟང་དུ་ཕྱིན་ཡོད། རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ཀྱིས་ང་ཚོའི་ཁུར་པོ་ཇེ་ཡང་དུ་བཏང་ཡོད་པས་དངོས་ནས་འབྲེལ་ཡོད་གོང་རིམ་ལ་བཀའ་དྲིན་ཆེ་ཞུ། འོན་ཀྱང་སྲིད་ཇུས་ཅི་ཙམ་བཟང་ཡང་དངོས་སུ་དབུལ་ཐར་བྱེད་འདོད་ཚེ་རང་ཉིད་ཀྱིས་ལག་ཟུང་གཉིས་ལ་བརྟེན་ནས་འབད་བརྩོན་བྱེད་དགོས་ཞེས་ཟེར།
        འབྲུག་ཐར་རྒྱལ་གྱི་འཚོ་བའི་འགྱུར་ལྡོག་དེ་བཟའ་ཟླ་དང་ཁ་བྲལ་བ་ནས་བཤད་དགོས་པ་ཞིག་རེད། སྐབས་དེའི་འཚོ་བ་ནི་འབྲི་གཡག8ལ་བརྟེན་ནས་ཁྱིམ་ཚང་གི་ཁ་གསོ་རྒྱབ་འགེབ་བྱེད་ཀྱིན་ཡོད། དབུལ་ཕོངས་ཀྱི་འཚོ་བ་ཧ་ཅང་ཐབས་སྡུག་ཡིན་པ་དང་དེའི་ཁར2015ལོར་བཟའ་ཟླས་བྱིས་པ་གཉིས་ཀ་བསྐྱུར་ནས་ཁ་བྲལ་སྐབས་འབྲུག་ཐར་རྒྱལ་ནི་ལྷུང་ས་གསུམ་ལ་ལྷུང་བའི་ཚུལ་རེད། འོན་ཀྱང་འཚོ་བའི་དཀའ་ཚེགས་ཀྱིས་བོད་རིགས་ཕོ་རྒོད་དེའི་མགོ་གནོན་མ་ཐུབ་ལ། ཁོང་གིས་རང་སེམས་ལ་དམ་བཅའ་བཞག་སྟེ་ནམ་ཞིག་གི་ཚེ། ངས་ངེས་པར་དུ་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་རང་ལ་དབང་བའི་གནམ་ས་གསར་པ་ཞིག་གཏོད་དགོས་ཞེས་མནའ་བསྐྱལ།

        2015ལོར་འབྲུག་ཐར་རྒྱལ་ཚང་ཚགས་སྒྲིག་བྱང་བཟོས་ཀྱི་ཁྱིམ་ཚང་དབུལ་བོར་ངོས་འཛིན་བྱས་པ་ནས་བཟུང་། འབྲུག་ཐར་རྒྱལ་ལ་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་མ་སྐྱེས་པར་དེ་ལས་ལྡོག་སྟེ་ཐོན་སྐྱེད་དང་འཚོ་བའི་ཁྲོད་རྒྱལ་ཁབ་ཀྱི་རོགས་སྐྱོར་དང་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས་རང་ཉིད་ཀྱི་བདེ་སྐྱིད་འཚོ་བ་རྒྱུན་ཆད་མེད་པར་ཇེ་རྒྱས་ཇེ་ལེགས་སུ་བཏང་། སྲིད་གཞུང་གི་རོགས་སྐྱོར་འོག་འབྲུག་ཐར་རྒྱལ་ལ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བྱ་གཞག་ཅིག་སྒྲུབ་ཐུབ་ན་སྙམ་པའི་ཀུན་སློང་སྐྱེས། ཁོར་ཆུང་དུས་ནས་ལས་གཏོད་ཀྱི་ཕུགས་འདུན་ཞིག་ཡོད་པ་ནི་གློག་གི་ཚ་ལ་བྱེད་མཁན་ཞིག་ཏུ་འགྱུར་རྒྱུ་དེ་རེད། 1999ལོར་ཁོ་རོང་འབྲོག་མང་ཚོགས་ཀྱི་གློག་གི་ཚ་ལ་བྱེད་མཁན་གྱི་ལས་གཏོད་གསོ་སྦྱོང་ནང་ཞུགས་པ་དང་སྐབས་དེ་ནས་བཟུང་ཁོས་རང་ཉིད་ཀྱི་གློག་གི་ཚ་ལ་བྱེད་སའི་ཚོང་ཁང་ཞིག་གཉེར་འདོད་ཡོད་ཀྱང་ཕུགས་འདུན་དེ་ཐོག་མཐའ་བར་གསུམ་དུ་མངོན་འགྱུར་ཐུབ་མེད། 2015ལོར་བཟའ་ཟླ་ཁ་བྲལ་བས་ཁོ་ལ་རྡུང་རྡེག་ཆེན་པོ་ཐེབས་བྱུང་། ཁོས་གློག་གི་ཚ་ལ་བྱེད་པའི་ལག་རྩལ་ལ་བརྟེན་ནས་ཚང་མའི་མིག་དཔེ་རུ་འགྱུར་ན་སྙམ་བྱུང་། དེ་ནས་བློ་གཅིག་སེམས་གཅིག་གིས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་བསྐྱོད། གློག་གི་ཚ་ལ་ཁང་མ་ཕྱེ་གོང་། ཁོ་རང་ཚེ་ཐར་རྡོ་སོལ་གཏེར་ཁའི་གློག་གི་ཚ་ལ་བྱེད་སར་ལས་ཀ་བྱེད་པར་བསྐྱོད་དེ་གློག་གི་ཚ་ལ་བྱེད་སྟངས་སློབ་སྦྱོང་བྱས་པ་དང་། ལོ་གཉིས་སོང་རྗེས་གླ་ཕོགས་སྒོར་ཁྲི4དང་སྒོར་ཁྲི4.7གྱི་དངུལ་བུན་སྤྱད་ནས་ཚེ་ཐར་རྡོ་སོལ་གཏེར་ཁར་གློག་གི་ཚ་ལ་བྱེད་ས་ཞིག་ཕྱེས། བྱ་བ་གང་ཞིག་ལས་མགོ་རྩོམ་དཀའ་ཟེར་བ་ལྟར། གློག་གིས་ཚ་ལ་བྱེད་སའི་གཉེར་སྐྱོང་དེ་ཙམ་བདེ་བླག་མིན་པས། ཚོང་བྲིན་ཁ་ཧ་ཅང་དཀའ་བ་སོགས་ཀྱི་གནད་དོན་སྣ་ཚོགས་ལ་འཕྲད་སྐབས་འབྲུག་ཐར་རྒྱལ་གྱིས་རྟག་ཏུ་དཀའ་བ་ཡོད་ངེས་ཅན་ཡིན་ཡང་ཏན་ཏན་ཏིག་ཏིག་གིས་གོམ་པ་རེ་རེ་སྤོས་ཚེ་བྱ་བ་ཡག་པོ་སྒྲུབ་ཐུབ་པར་ངོས་འཛིན་བྱེད་ཀྱིན་ཡོད།

        ཚེ་ཐར་རྡོ་སོལ་གཏེར་ཁར་གློག་གི་ཚ་ལ་བྱེད་ས་མང་པོ་ཡོད་པ་མཐོང་སྐབས་ཁོས་རང་གི་ཚོང་ཁང་དཔལ་དགེ་གྲོང་རྡལ་དུ་སྤོར་འདོད་ཡོད། ཉིན་ཞིག་ཁོས་དཔལ་དགེ་གྲོང་རྡལ་དུ་ཚོང་ཁང་ཞིག་གླས་ནས་གློག་གི་ཚ་ལ་ཁང་གནས་དེར་སྤར། ལོ་དང་པོར་སྒོར་ཁྲི1ལྷག་ཙམ་ལས་རག་མེད་མོད། འོན་ཀྱང་དེ་ནི་ཁོའི་མི་ཚེའི་ནང་ལག་ཟུང་ལ་བརྟེན་ནས་ཐོབ་པའི་དངུལ་ཐོག་མ་དེ་ཡིན་པས། འབྲུག་ཐར་རྒྱལ་གྱི་སེམས་ལ་དགའ་སྤྲོས་ཁེངས།
        རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་རྗེས་ཁོའི་ཆ་རྐྱེན་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ནས་འབྲུག་ཐར་རྒྱལ་གྱི་སེམས་སུ་ཕུགས་འདུན་དེ་བས་ཆེ་བ་ཞིག་འཆང་བཞིན་ཡོད། ཁོས་གློག་གི་ཚ་ལ་བྱེད་སའི་རྨང་གཞིའི་ཐོག་གསོ་སྤེལ་དང་གཟན་ཆས་ལས་སྣོན་གྱི་ཚོང་བརྒྱབ་པས་སྡེ་བའི་ནང་གི་རོགས་རེས་མ་དངུལ་བརྒྱུད་ནོར་ལུག་གསོ་སྤེལ་བྱས་པ་དང་། རང་ཉིད་ཀྱིས་དཀའ་སྤྱད་ལས་སྐྲུན་བྱས་པ་བརྒྱུད་འབྲུག་ཐར་རྒྱལ་གྱི་གཟན་ཆས་ལས་སྣོན་བཟོ་གྲྭ་དང་ནོར་ལུག་གསོ་སྤེལ་ཁང་བཙུགས་པར་མ་ཟད་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་ཡོད།
        མི་ལ་བརྩོན་འགྲུས་ལྡན་གྱུར་ན།། མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པ་བཞིན་ནོར་ལུག་གསོ་སྤེལ་བྱས་པ་བརྒྱུད། 2017ལོར་འབྲུག་ཐར་རྒྱལ་དབུལ་ཐར་བྱུང་ནས་དངུལ་བུན་འཇལ་ཚར་བར་མ་ཟད། ད་དུང་གསོ་སྤེལ་བྱས་པའི་འབྲི་གཡག་མང་དུ་ཕྱིན་ནས60ལྷག་ཙམ་ཡོད་པ་དང་ལུག་ཀྱང་མང་དུ་ཕྱིན་ནས31ཙམ་ཡོད་པ་རེད། ད་ལོར་ཁོས་ད་དུང་རླངས་འཁོར་ཆུང་ཆུང་ཞིག་དང་གཟན་ཆས་འདྲུད་སྐྱེལ་བྱེད་པའི་ཞིང་སྤྱོད་རླངས་འཁོར་ཞིག་ཉོས་ཏེ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་བཞིན་མཆིས།

        དེ་བཞིན་དུ། འབྲུག་ཐར་རྒྱལ་གྱི་མཛུབ་ཁྲིད་འོག་བྱིས་པ་གཉིས་ཀྱི་སྦྱངས་འབྲས་ཡར་ངོས་ཟླ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ན་ནིང་། བུ་མོ་རྡོ་རྗེ་ཕག་མོས་ཕུལ་བྱུང་གི་སྦྱངས་འབྲས་བླངས་ནས་ཁྲུང་ཆིང་གི་མཐོ་རིམ་སློབ་འབྲིང་ཞིག་ལ་རྒྱུགས་འཕྲོད་ནས་དེ་རུ་མཐོ་འབྲིང་འགྲིམས་བཞིན་ཡོད་པ་དང་། བུ་འཇམ་དཔལ་རྡོ་རྗེས་ཀྱང་རྐང་ཚ་རྫོང་མི་རིགས་སློབ་འབྲིང་དུ་དམའ་འབྲིང་འགྲིམས་བཞིན་ཡོད། འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་ཏང་དང་སྲིད་གཞུང་གིས་ང་ལ་ཆ་རྐྱེན་ཡག་པོ་འདི་འདྲ་ཞིག་གནང་བྱུང་ཞེས་འབྲུག་ཐར་རྒྱལ་གྱི་སེམས་པ་སྤྲོ་བས་ཁེངས་ནས་དེ་ལྟར་བཤད།
        དབུལ་ཐར་ཕྱུག་འགྱུར་གྱི་གྲུབ་འབྲས་ཐོབ་པའི་འབྲུག་ཐར་རྒྱལ་གྱིས་ཕ་ཡུལ་གྱི་འབྲོག་པ་བརྗེད་མེད་དེ། ལོ་འདི་དག་གི་ནང་ཁོའི་བསམ་བློ་གཏོང་མང་ཤོས་ནི་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་རྒྱུ་དེ་མི་གཅིག་གམ་ཡང་ན་མི་ཁ་ཤས་མིན་པར་སྡེ་བ་ཡོངས་དང་ཐ་ན་རྩྭ་ཐང་ཡོངས་ཀྱི་འབྲོག་པ་རྣམས་ཐུན་མོང་ཐོག་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་རྒྱུ་དེ་རེད། བསམ་ཚུལ་དེ་འདྲ་བྱུང་རྗེས། ཁོས་རྒྱུན་དུ་སྡེ་བའི་འབྲོག་པར་ཁོ་དང་མཉམ་དུ་གསོ་སྤེལ་ཉམས་མྱོང་དང་གློག་གི་ཚ་ལའི་ལག་རྩལ་སློབ་སྦྱོང་བྱ་རྒྱུར་སྐུལ་ལྕག་བྱེད་ཀྱི་ཡོད།

        ད་ལྟ། འབྲུག་ཐར་རྒྱལ་གྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ནས་རླངས་འཁོར་ཆུང་ཆུང་ཉོས་ཡོད་པ་དང་། གློག་གི་ཚ་ལ་བྱེད་ས་དང་། གཟན་ཆས་ལས་སྣོན་བཟོ་གྲྭ། གསོ་སྤེལ་ལས་རིགས་བཅས་གཉེར་བར་མ་ཟད། ད་དུང་དཔལ་དགེ་གྲོང་རྡལ་དུ་ཁང་བ་ཉོས་པས་འཚོ་བ་ཧ་ཅང་ཕྱུག་པོ་ཆགས་ཡོད། ཁོས་ང་ཚོར་རྩིས་ཤིག་བརྒྱབ་བྱུང་སྟེ། 2015ལོའི་གོང་དུ་ངེད་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར2000ཡིན་པ་དང་། ད་ལྟ་ངེད་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི1ལྷག་ཙམ་ཟིན་ཡོད། དེ་སྔོན་མ་ལས་ལྡབ་ཁ་ཤས་འཕར་ཡོད། ད་ལྟ་ང་ལ་གཏན་འཇགས་རྒྱུ་ནོར་སྒོར་ཁྲི60དང་འཁོར་རྒྱུག་མ་དངུལ་སྒོར་ཁྲི30ཡོད། ད་ལོ་ངའི་བསམ་འདུན་ཆེ་ཤོས་ནི་ཁྱིམ་ཚང་ཕྱུགས་ར་ཞིག་བཙུགས་ཏེ་འབྲི་གཡག100དང་རྒྱུག་རྟ་གསུམ་བཞི་ཙམ་ཉོ་སྒྲུབ་བྱས་ནས་འབྲོག་པ་དེ་བས་མང་བོས་ང་དང་མཉམ་དུ་ལས་གཏོད་བྱ་རྒྱུར་སྐུལ་ལྕག་བྱ་རྒྱུ་དེ་ཡིན་པར་བཤད།

        ཆོས་ཚའི་རྩྭ་ཐང་དུ་བྱུང་བའི་ལས་གཏོད་གཏམ་རྒྱུད་དེ་ནི་མི་སྒེར་གྱི་རིན་ཐང་མངོན་འགྱུར་བྱེད་པའི་གཏམ་རྒྱུད་ཅིག་དང་ཕ་ཡུལ་གྱི་རྣམ་པར་འགྱུར་ལྡོག་གཏོང་བའི་གཏམ་རྒྱུད་ཅིག་ཡིན་ལ། དབུལ་ཐར་འགག་སྒྲོལ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་བསྡུས་གཟུགས་ཤིག་ཀྱང་ཡིན་པས་སྐུལ་ལྕག་གི་གཏམ་རྒྱུད་དེ་དག་གིས་ཀྱང་འབྲོག་པ་མང་ཚོགས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་རྒྱུར་སྐུལ་མ་བཏང་ཡོད།
རྩོམ་སྒྲིག་པ།སྣང་རྡོར།