ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཁོང་གིས་བྱ་དགའ་སྒོར་ས་ཡ8ཚང་མ་ཞལ་འདེབས་སུ་ཕུལ་འདུག

སྤེལ་དུས 2020-08-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་་དྲ་བ། རྩོམ་པ་པོ།

       གསར་འགོད་པས་ཟླ་8པའི་ཚེས་4ཉིན་ཧར་པིན་བཟོ་ལས་སློབ་ཆེན་ནས་ཤེས་རྟོགས་བྱུང་བར། 2018ལོའི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་དང་། ཀྲུང་གོའི་ཚན་རིག་ཁང་དང་ཀྲུང་གོའི་བཟོ་སྐྲུན་ཁང་གཉིས་ཀྱི་ཡོན་ཧྲི་དགེ་རྒན་ཆེན་མོ་ལིའུ་ཡུང་ཐན་ལགས་ཀྱིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཀྱི་བྱ་དགའ་སྒོར་ཁྲི་800ཚང་མ་ཞལ་འདེབས་སུ་ཕུལ་ཏེ། ཡུང་རུའེ་ཐེབས་རྩ་བཙུགས་ནས་ཧར་པིན་བཟོ་ལས་སློབ་ཆེན་གློག་རྡུལ་དང་ཆ་འཕྲིན་རིག་ཚན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་ཐད་བཀོལ་བ་རེད། སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་ཞུང་སི་ཧའོ་ཡིས་ཡོན་ཧྲི་ལིའུ་ཡུང་ཐན་དང་དགེ་རྒན་ཆེ་མོ་ཧྥེང་པིན་རུའེ་ལ་དྲན་གསོའི་གཟེངས་རྟགས་དང་། དཔང་ཡིག སློབ་གསོའི་བྱས་རྗེས་བྱ་དགའ་བཅས་སྤྲད། 
ཡོན་ཧྲི་ལིའུ་ཡུང་ཐན།
       ཡོན་ཧྲི་ལིའུ་ཡུང་ཐན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། དགེ་རྒན་ཞིག་དང་ཚན་རྩལ་ལས་གཉེར་པ་དཀྱུས་མ་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཆེས་མཐོ་ཤོས་ཐོབ་པའི་གཟི་བརྗིད་མཚན་སྙན་འདི་ང་རང་གཅིག་པུར་དབང་བ་ཞིག་མིན་པར། ངའི་ལས་གཉེར་ཚོགས་པ་དང་ལྷག་པར་རླབས་ཆེན་གྱི་དུས་རབས་འདིའི་ཤེས་ཡོན་ཅན་རྒྱལ་གཅེས་ལེགས་སྐྱེས་འབུལ་མཁན་ཚང་མར་དབང་བ་ཞིག་རེད། རྒྱལ་ཁབ་དང་སྤྱི་ཚོགས། སློབ་གྲྭ་བཅས་ཀྱིས་ང་ལ་གཟི་བརྗིད་མཚན་སྙན་མང་པོ་གནང་བ་དང་། ང་རང་འཚར་ལོངས་དང་འཕེལ་རྒྱས་བྱུང་བ་ནི་ཏང་དང་རྒྱལ་ཁབ་ཀྱིས་དུས་ཡུན་རིང་པོར་གསོ་སྐྱོང་དང་སློབ་གསོ་བྱས་པ་དང་འབྲལ་དུ་མེད་ལ། སློབ་གྲྭ་དང་བློ་མཐུན་ཚོའི་རོགས་རམ་དང་རྒྱབ་སྐྱོར་ལའང་འབྲལ་ཐབས་མེད་པས། དང་ཐོག་བྱ་དགའ་གནང་བའི་སྐབས་སུ་ངའི་སེམས་ལ།  བྱ་དགའ་སྒོར་ཁྲི་800ཚང་མ་ཞལ་འདེབས་ཞུས་ཏེ་རྒྱལ་ཁབ་དང་སློབ་གྲྭ་ལ་དྲིན་ལན་འཇལ་བའི་བསམ་ཚུལ་འཁོར་སོང་། ཁྱིམ་མི་རྣམས་དང་གྲོས་བསྡུར་བྱས་རྗེས་སུ་ང་ཚོས་ཧར་པིན་བཟོ་ལས་སློབ་ཆེན་བཙུགས་ནས་ལོ་100འཁོར་བའི་སྐབས་སུ་ཞལ་འདེབས་བྱས་ན་དོན་སྙིང་སྔར་ལས་ཆེན་པོ་ལྡན་སྙམ།

ལིའུ་ཡུང་ཐན་དང་ཁོང་གི་ཚོགས་པ།
       ཡོན་ཧྲི་ལིའུ་ཡུང་ཐན་གྱིས་ཁོང་དང་དགེ་རྒན་ཆེ་མོ་ཧྥེང་པིན་རུའེ་1953ལོར་ཧར་པིན་བཟོ་ལས་སློབ་ཆེན་དུ་སློབ་སྦྱོང་བྱེད་པར་ཡོང་བ་ནས་སློབ་གྲྭར་དགེ་རྒན་བྱས་པའི་ལོ་67གྱི་ནང་དུ་མ་ཡུམ་སློབ་གྲྭས་གསོ་སྐྱོང་བྱས་པ་དང་བཟའ་མི་གཉིས་ཀྱིས་མ་ཡུམ་སློབ་གྲྭར་བཅངས་པའི་བརྩེ་བ་ཟབ་མོ་དག་ཕྱིར་དྲན་བྱས། ཁོང་གིས་བསྟན་དོན། ཡུང་རུའེ་ཐེབས་རྩ་བཙུགས་པ་ནི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སྤྱི་འདོམས་སུ་བྱས་པ་དང་། སློབ་གྲྭས་ཕུལ་བྱུང་ཤེས་ལྡན་པ་སྔར་ལས་མང་པོ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་འཇོན་མི་སྔར་ལས་མང་པོ་སྐྱོང་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་། ང་ཚོའི་སློབ་གྲྭས་འཇིག་རྟེན་འཕུར་སྐྱོད་ལ་གཞི་འཛུགས་པ་དང་རྒྱལ་སྲུང་ལ་ཞབས་འདེགས་ཞུ་བ། “རྩེ་གྲས་གཉིས”ཀྱི་སློབ་ཆེན་བསྐྲུན་རྒྱུ་བཅས་ཀྱི་བླང་བྱར་གཞི་བཅོལ་ནས། ཡུང་རུའེ་ཐེབས་རྩས་རྒྱལ་སྲུང་གློག་རྡུལ་ལས་གྲྭའི་ཁྱབ་ཁོངས་ལ་དམིགས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་རྩེ་གཅིག་ཏུ་གཞོལ་བ་དང་། གསར་གཏོད་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཟུང་ཡོད། ང་ཚོ་ནི་“ཚད་གཞི་ནན་མོ་དང་། རྩལ་ནུས་ཕུ་ཐག་ཆོད་པ”ཞེས་པའི་སློབ་གྲྭའི་བསླབ་བྱའི་དགོངས་དོན་ལས་ཕན་པ་ཐོབ་མཁན་ཡིན་པས། ཧར་པིན་བཟོ་ལས་སློབ་ཆེན་གྱི་“རྨང་གཞི་བརྟན་པ་དང་། ལག་ལེན་ཇེ་ཟབ་ཏུ་གཏོང་བ། བརྒྱུད་རིམ་ནན་མོར་གཏོང་བ། གསར་གཏོད་འཚོལ་སྙེག་བྱེད་པ”བཅས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁྱད་ཆོས་འདོར་མི་རུང་། སློབ་གྲོགས་རྣམ་པས་ཧར་པིན་བཟོ་ལས་སློབ་ཆེན་གྱི་ཚད་གཞི་ཆེན་པོ་དང་རང་གཅུན་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། མཐོང་རྒྱ་ཆེ་རུ་གཏོང་བ། གསར་གཏོད་བྱེད་ཕོད་པ། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཐབས་ཇུས་ངོ་མཚར་ཅན་བཏོན་ནས་བྱས་རྗེས་འཇོག་པའི་རེ་བ་ཡོད། ཡུང་རུའེ་ཐེབས་རྩ་ཡིས་སློབ་གྲྭའི་མ་འོངས་པའི་འཕེལ་རྒྱས་འཛུགས་སྐྲུན་ལ་སྟོབས་ཤུགས་ཤིག་ཕུལ་ཏེ། ཧར་པིན་བཟོ་ལས་སློབ་ཆེན་གྱིས་ལོ་བརྒྱ་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པར་ཕུལ་བྱུང་ཤེས་ལྡན་པ་སྔར་ལས་མང་པོ་གསོ་སྐྱོང་བྱ་རྒྱུར་རམ་འདེགས་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་སྔར་ལས་ཆེན་པོ་གསར་སྐྲུན་བྱ་རྒྱའི་རེ་བ་ཡོད་ཅེས་བསྟན།