ཟླ་8ཚེས་18ནས་ཚེས་21ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཨན་ཧུའེ་ཞིང་ཆེན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་19ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ཧོ་ཧྥེ་གྲོང་ཁྱེར་ཧྥེ་ཏུང་རྫོང་ལན་བཅོ་བརྒྱད་པའི་རགས་ཁུལ་སྣོད་བཅུད་འདམ་རའི་ཆུ་ལོག་གསོག་ཁུལ་གྱི་ཁྲའོ་ཧུའུ་མཚེའུ་ཡི་ཆུ་རགས་ཆེ་མོའི་འབྲུབ་འགོག་གེགས་སེལ་གྱི་འཐབ་རྩོད་ནང་རྐྱེན་ལམ་དུ་ཤོར་བའི་བློ་མཐུན་གྱི་ནང་མི་དང་། འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོའི་མི་སྣ། སྔོན་ཐོན་དཔེ་མཚོན་འཐུས་མི། འབྲུབ་འགོག་ཉེན་སེལ་ནང་ཞུགས་མཁན་དཔུང་སྡེའི་དཔོན་དམག་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ།
ཟླ་8ཚེས་18ནས་ཚེས་21ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཨན་ཧུའེ་ཞིང་ཆེན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་19ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་གིས་མ་ཨན་ཧྲན་གྲོང་ཁྱེར་ཀྲུང་གོ་པའོ་ཝུའུ་མ་ཀང་ཚོགས་པར་ཁེ་ལས་ཀྱི་ངལ་རྩོལ་དཔེ་བཟང་དང་ལས་བཟོའི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཧོ་ཧྥེ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་ཨན་ཧུའེ་རུ་རྟོག་ཞིབ་གནང་སྐབས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་གཏོང་། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ལེན་པ་བཅས་བྱས་ཏེ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་བཀོད་པ་གསར་པའི་ཁྲོད་བྱས་རྗེས་དེ་བས་ཆེ་བ་འཇོག་པ་དང་མཛེས་སྡུག་ལྡན་པའི་ཨན་ཧུའེ་མགྱོགས་མྱུར་སྐྲུན་ཆེད་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཟླ་8ཚེས་18ཉིན་ནས་ཚེས་21ཉིན་བར་ཞི་ཅིན་ཕིང་གིས་ཨན་ཧུའེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ལི་ཅིན་པིན་དང་ཧྲེང་ཀྲང་ལི་གོ་དབྱིང་གི་ཕེབས་རོགས་འོག་སྔ་རྗེས་སུ་ཕུའུ་དབྱང་དང་། མ་ཨན་ཧྲན། ཧོ་ཧྥེ་སོགས་སུ་ཕེབས་ནས་འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོ་དང་། གྲོང་གསེབ། ཁེ་ལས། གསར་བརྗེའི་དྲན་གསོ་ཁང་སོགས་སུ་ཕེབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་དང་འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོའི་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། འབྲུབ་འགོག་གེགས་སེལ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་ཤུགས་སྣོན་རྒྱག་པ། འབྲི་ཆུའི་ཟུར་གསུམ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་འགོད་བྱ་རྒྱུར་རྟོག་ཞིབ་གནང་བ་རེད།
ཚེས་18ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་དང་ཐོག་ཕུའུ་དབྱང་གྲོང་ཁྱེར་ཕུའུ་ནན་རྫོང་ཝང་ཅ་རགས་སྒོར་ཕེབས་ནས་ཨན་ཧུའེ་ཞིང་ཆེན་གྱི་འབྲུབ་འགོག་ལས་དོན་དང་ཝང་ཅ་རགས་སྒོའི་རགས་སྒོ་ཕྱེ་བ་དང་ཆུ་ལོག་ཁ་འགྲེམ་གྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད། ཝང་ཅ་རགས་སྒོར་ལེ་དབར་སྟོང་གི་ཧོའེ་ཧོ་གཙང་པོའི“རགས་སྒོ་དང་པོ”ཞེས་འབོད་པ་དང་འདི་ལོའི་ཟླ་7ཚེས་20ཉིན་ཝང་ཅ་རགས་སྒོ་ལོ་13སོང་རྗེས་སླར་ཡང་རགས་སྒོ་ཕྱེ་ནས་ཆུ་ལོག་བསགས་ཏེ་ཆུ་ལོག་ཆེ་དུས་ཀྱི་གནོན་ཤུགས་ཆུང་དུ་གཏོང་བའི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་པ་རེད། ཝང་ཅ་ཆུ་རགས་ཀྱི་འབྲུབ་འགོག་འགྲེམས་ཁང་དུ་ཞི་ཅིན་ཕིང་གིས་ཧོའེ་ཧོ་གཙང་པོ་བཅོས་སྐྱོང་གི་ལོ་རྒྱུས་དང་ཧོའེ་ཧོ་གཙང་པོ་འབབ་རྒྱུད་ཀྱི་འབྲུབ་འགོག་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཧོའེ་ཧོ་གཙང་པོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱས་པའི་གཙང་པོ་ཆེན་པོ་དང་པོ་དེ་རེད། ལོ་70སོང་རིང་ཧོའེ་ཧོ་གཙང་པོ་བཅོས་སྐྱོང་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་འབྲུབ་འགོག་མ་ལག་འཐུས་སྒོ་ཇེ་ཚང་དུ་ཕྱིན་ནས་འབྲུབ་འགོག་ཉེན་སེལ་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། ཧོའེ་ཧོ་གཙང་པོ་བཅོས་སྐྱོང་གི་ཉམས་མྱོང་ཕྱོགས་སྡོམ་ཡག་པོ་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཧོའེ་ཧོ་གཙང་པོ་བཅོས་སྐྱོང་གི་ཇུས་གཞི་འཆར་འགོད་ནན་ཏན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
དེ་རྗེས་ཞི་ཅིན་ཕིང་ཉེ་འགྲམ་གྱི་ཧུང་ལེང་སྒམ་ཁུག་ཚད་ཡོད་ཀུང་སིར་ཕེབས་ནས་ཕུའུ་ནན་རྫོང་གི་ལས་ཞུགས་དབུལ་སྐྱོར་དང་གནོད་འཚེས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་པོ་རང་ལོག་གི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་འཁོར་ཁང་གི་ཐོན་སྐྱེད་སྒྲུབ་རིམ་ལ་རྟོག་ཞིབ་གནང་བ་དང་ལས་བཟོ་དང་ལྷན་དུ་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་ཁེ་ལས་ཀྱིས་དཀའ་ངལ་ཁྱད་བསད་བྱས་ཏེ་གནོད་འཚེས་རྐྱེན་པའི་གྱོང་གུན་གསབ་ཐབས་བྱེད་དགོས་པའི་ཐུགས་རེ་གནང་བ་དང་ཁོང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་དཀའ་ངལ་ལས་སྒྲོལ་རོགས་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་དང་མང་ཚོགས་དབུལ་པོའི་ལས་ཞུགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
དབུལ་སྐྱོར་འཁོར་ཁང་ནས་ཞལ་གྱེས་རྗེས་ཞི་ཅིན་ཕིང་གིས་མོང་ཝ་ཆུ་ལོག་གསོག་ཁུལ་ཚའོ་ཅི་གྲོང་རྡལ་ལི་མིན་གྲོང་ཚོའི་ཤིས་ཐན་ཕོ་ཀྲོང་ཐའེ་རུ་རྟོག་ཞིབ་གནང་བ་རེད། ཆུ་ལོག་ཆད་རྗེས་ཀྲོང་ཐའེ་ཉེ་འགྲམ་གྱི་ཞིང་ནང་དུ་བྲེལ་བརྩོན་གྱི་རྣམ་པས་ཁེངས་པ་དང་གྲོང་མི་ཚོས་ཆུ་རྫིང་ནས་ར་མཉེ་བཀོག་པ་དང་ཆུ་ལོག་ཆད་ཁུལ་དུ་སྔོ་ཚལ་གསབ་འདེབས་བྱེད་བཞིན་ཡོད། ཞི་ཅིན་ཕིང་གིས་རྣང་མ་བརྒྱུད་ཞིང་ནང་དུ་ཕེབས་ནས་ངལ་རྩོལ་བྱེད་བཞིན་པའི་ཡུལ་མི་ཚོའི་ཐོན་སྐྱེད་སླར་གསོའི་གནས་ཚུལ་མཁྱེན་རྟོགས་གནང་། ཁོང་གིས་ཡུལ་བབ་དང་བསྟུན་ནས་མྱུར་འདེབས་གསབ་འདེབས་བྱས་ཏེ་གནོད་འཚེའི་གྱོང་གུན་དམའ་ཤོས་སུ་གཏོང་གང་ཐུབ་བྱེད་པ་དང་སྟོན་དུས་སྔར་བཞིན་འབྲས་བུ་ཡག་པོ་ཐོབ་ཐབས་བྱེད་དགོས། ཆུ་ལོག་གསོག་ཁུལ་གྱི་ཁྱད་ཆོས་ལ་གཞིགས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་བྱས་ཏེ་དགེ་སྤེལ་སྐྱོན་སྤངས་བྱེད་པ་དང་དུས་མཚུངས་ཡུལ་མི་ཚོར་རིམ་བཞིན་གནས་སྤོ་རྒྱུའི་ཁྲིད་སྟོན་དང་སྐུལ་མ་བཏང་ཐོག་ཆུ་ལོག་གསོག་ཁུལ་དུ་མི་འབོར་མང་དུ་མི་འགྲོ་བའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།
དེ་རྗེས་ཞི་ཅིན་ཕིང་ཤིས་ཐན་ཕོ་ཀྲོང་ཐའེ་རུ་ཕེབས་ནས་གྲོང་ཚོའི་རྣམ་པར་རྟོག་ཞིབ་གནང་བ་དང་འབྲེལ་གྲོང་མིའི་ཁྱིམ་དུ་ཕེབས་ཏེ་ཁོ་ཚོའི་ཁྱིམ་ཚང་གི་ཡོང་འབབ་དང་། གནོད་འཚེའི་གྱོང་གུན། ཐོན་སྐྱེད་སླར་གསོ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་ཁ་གསབ་དངུལ་གང་མགྱོགས་དོན་འཁྱོལ་བྱེད་པ་དང་འབྲེལ། ཐ་སྐྱོང་འགན་ལེན་སོགས་རོགས་སྐྱོར་བྱེད་ཐབས་བཏོན་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།
ཀྲོང་ཐའེ་ནས་ཞལ་གྱེས་སྐབས་གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕིང་གིས་ཡུལ་མི་ཚོར་ང་གེགས་ཁུལ་མང་ཚོགས་ལ་སེམས་ཁྲལ་ཆེན་པོ་བྱུང་། ད་ཐེངས་ཆེད་མངགས་ཡུལ་མི་ཚོར་ལྟ་བར་ཡོང་སྐབས། ཚང་མས་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག་འཚོ་བ་རིམ་བཞིན་རྒྱུན་གཏན་སླར་གསོ་བྱུང་བ་དང་ཐོན་སྐྱེད་རང་སྐྱོབ་ཧུར་ཐག་བྱེད་པ་མཐོང་སྐབས། ང་བློ་བདེ་པོ་བྱུང་། ཡུལ་མི་ཚོས་རང་སྟོབས་རང་སྤེལ་དང་མུ་མཐུད་འབད་བརྩོན་བྱས་ཏེ་འཚོ་བ་ཇེ་སྐྱིད་དུ་འགྲོ་བའི་རེ་བ་ཡོད་ཅེས་གསུངས།
ཚེས་19ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་མ་ཨན་ཧྲན་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཞུའེ་ཅ་ཝ་སྣོད་བཅུད་གླིང་འབྲི་ཆུའི་ངོགས་སུ་གནས་པ་དང་། དུས་ཡུན་རིང་པོའི་ནང་འཛུགས་སྐྲུན་གང་བྱུང་བྱེད་པ་དང་བཙོག་ཆུ་གང་སར་གློད་པ་བཅོས་སྐྱོང་བྱས་པ་བརྒྱུད་ད་ཆ་མི་སེར་ཚོས་དགའ་ཞེན་བྱེད་པའི་གཙང་པོ་དང་སྔོ་ལྗང་ཅན་གྱི་མཛེས་སྡུག་ལྡན་པའི་འགྲམ་ངོགས་སུ་གྱུར་ཡོད། ཞི་ཅིན་ཕིང་གིས་མ་ཨན་ཧྲན་གྲོང་ཁྱེར་གྱི་འབྲི་ཆུའི་ངོགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སླར་གསོ། འབྲི་ཆུར་ལོ་བཅུའི་རིང་ཉ་རྒྱ་སྡོམ་པ་སོགས་ཀྱི་ལས་དོན་དོན་འཁྱོལ་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། འབྲི་ཆུའི་འགྲམ་དུ་ཕེབས་ནས་འབྲི་ཆུའི་ཆུ་བབ་དང་ངོགས་ཀྱི་སྣོད་བཅུད་ཁོར་ཡུག་ལ་གཟིགས་པ་རེད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་འགལ་ཟླ་དང་ཁ་གཏད་ཀྱི་འབྲེལ་བ་མིན་པར་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཡིན་པས། སྣོད་བཅུད་སྲུང་སྐྱོང་ཡག་པོ་དང་སྣོད་བཅུད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཚེ་གཞི་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ། འབྲི་ཆུར་ལོ་བཅུའི་རིང་ཉ་རྒྱ་སྡོམ་པའི་འཆར་གཞི་ལག་བསྟར་བྱེད་པ་དང་། འབྲེལ་ཡོད་ལས་དོན་དོན་འཁྱོལ་བྱས་ནས་རྒྱ་ཆེའི་ཉ་པ་ཚོ་ཉ་འཛིན་མཚམས་འཇོག་འདོད་པ་དང་། འཚོ་ཐབས་གསར་པ་འཚོལ་ཐུབ་པ། འཚོ་ཐབས་གསར་པ་བཙལ་རྗེས། གཞིས་ཆགས་ཐུབ་པ་དང་ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས། འབྲི་ཆུའི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་བྱེད་པར་ཐུན་མོང་སྲུང་སྐྱོང་ཆེན་པོར་དམ་འཛིན་བྱེད་པ་ལས། གསར་སྤེལ་ཆེན་པོ་བྱེད་རྒྱུ་མེད། འབྲི་ཆུར་དགའ་ཞེན་དང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ནས“མི་དམངས་ཀྱིས་འབྲི་ཆུར་སྲུང་སྐྱོང་དང་འབྲི་ཆུས་མི་དམངས་ལ་ཕན་བདེ་སྐྲུན་པའི”འཁོར་རྒྱུག་ཡག་པོ་མངོན་འགྱུར་ཐུབ་པར་བྱས་ཏེ“གཙང་ཆུ་སྔོན་མོ་ཤར་དུ་རྒྱུག་པའི”མཛེས་ལྗོངས་སྔ་ཙམ་མི་རྣམས་ཀྱི་མིག་ལམ་དུ་སླར་ཡང་མངོན་པར་བྱེད་དགོས། ཞི་ཅིན་ཕིང་ཀྲུང་གོ་པའོ་ཝུའུ་མ་རྐང་ཚོགས་པར་ཕེབས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་དང་འབྲེལ་གཙོ་གནད་ཐོན་རྫས་འགྲེམས་སྟོན་ལ་གཟིགས་པ་རེད། དེ་རྗེས་ཞི་ཅིན་ཕིང་སྤུས་ལེགས་ལྕགས་བསྲེས་འཁོར་ཁང་དུ་ཕེབས་ནས་ཚ་ཐབ་དང་། བཙིར་གནོན་འཕྲུལ་འཁོར་སོགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་པ་དང་། འཁོར་ཁང་གི་ཕྱི་རོལ་དུ་ཁེ་ལས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་བཟོ་པའི་འཐུས་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་རྗེས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མར་བྱམས་བརྩེའི་འཚམས་འདྲི་ཞུས་ཤིང་། ཁོང་གིས་རིམས་ནད་ཐོན་ཚུན་མ་རྐང་ཚོགས་པས་དཀའ་ངལ་ཁྱད་དུ་བསད་དེ་སྣེ་ཁྲིད་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པར་ལོ་སྟོད་ཀྱི་ཐོན་འབབ་དང་གཉེར་སྐྱོང་གི་ཡོང་འབབ་དུས་མཚུངས་ལས“གཉིས་འཕར”ཐུབ་ཡོད། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་དམ་འཛིན་གཏིང་ཟབ་དང་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་འགངས་ཆེན་ལ་དམ་འཛིན་དང་། རྒྱུ་ཆ་གསར་པ་དང་ལག་རྩལ་གསར་པ་ཞིབ་སྤེལ་ལ་ཤུགས་སྣོན། ལག་རྩལ་འདུས་ཚད་དང་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་གསར་པ་དེ་བས་མང་པོ་གསར་སྤེལ་བྱས་ཏེ་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ངལ་རྩོལ་དཔེ་བཟང་བ་ནི་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་ཅན་ཡིན་པས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས་ཞེས་བསྟན་གནང་བ་རེད།
ཚེས་19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཧོ་ཧྥེ་གྲོང་ཁྱེར་ཧྥེ་ཏུང་རྫོང་ལན་བཅོ་བརྒྱད་པའི་རགས་ཁུལ་སྣོད་བཅུད་འདམ་རའི་ཆུ་ལོག་གསོག་ཁུལ་ཁྲའོ་ཧུའུ་མཚེའུའི་རགས་ཆེན་ལུའོ་ཅ་ཐུང་དུམ་བུར་ཕེབས་ནས་བརྟག་ཞིབ་གནང་བ་རེད། འདི་ལོའི་འབྲུབ་དུས་ཤར་ཚུན་ཁྲའོ་ཧུའུ་མཚེའུ་ཡི་ཆུ་ཁ་ལོ་རྒྱུས་ཀྱི་ཟིན་ཐོ་ལས་ཐེངས་མང་བརྒལ་བས་ཧོ་ཧྥེ་གྲོང་ཁྱེར་གྱིས་ལན་བཅོ་བརྒྱད་པ་དང་ཉེ་འགྲམ་རགས་ཁུལ་གྱི་ཆུ་ལོག་གསོག་ཁུལ་སྤྱོད་འགོ་ཚུགས་པ་རེད། ཞི་ཅིན་ཕིང་གིས་ཁྲའོ་ཧུའུ་མཚེའུ་ཡི་ཆུ་བབ་གནས་ཚུལ་ལ་ཞིབ་ཕྲ་གཟིགས་པ་དང་ཁྲའོ་ཧུའུ་མཚེའུའི་རགས་ཁུལ་གྱི་ཆུ་ལོག་ཁ་འགྲེམས་དང་། མཐའ་སྐོར་འདམ་རའི་ཆུ་ལོག་གསོག་ཁུལ། ཁྲའོ་ཧུའུ་མཚེའུ་ཡི་ཕྱོགས་བསྡུས་བཅོས་སྐྱོང་གནས་ཚུལ་གྱི་སྙན་སེང་གསན་ནས། འབྲུབ་འགོག་དངོས་རྫས་དང་རགས་ཆེན་བརྟན་གཏོང་གི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་འདམ་རའི་ཆུ་ལོག་གསོག་ཁུལ་གྱི་ངེས་གནས་དང་འཆར་འགོད་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་འདམ་རའི་ཆུ་ལོག་གསོག་ཁུལ་གྱི་ཆུ་ལོག་གསོག་ནུས་དང་སྣོད་བཅུད་སྲུང་སྐྱོང་ནུས་པ་གང་མགྱོགས་སླར་གསོ་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཁོང་གིས་དེང་སྐབས་ལྷོ་རྒྱུད་ཀྱི་འབྲེལ་ཡོད་ས་གནས་སུ་མུ་མཐུད་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ལ་དམ་འཛིན་བྱེད་པ་དང་དུས་མཚུངས་ཞོར་སྐྱོན་མ་ཐོན་སྔོན་འགོག་བྱེད་དགོས། བྱང་རྒྱུད་འབྲེལ་ཡོད་ས་གནས་སུ་ཐོན་སྲིད་པའི་འབྲུབ་ཚུལ་གྱི་དོགས་ཟོན་དང་འགོག་ཟོན་ལ་ཤུགས་སྣོན་བརྒྱབ་ནས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། བདེ་འཇགས་ངང་འབྲུབ་དུས་ལས་སྒྲོལ་བའི་འགན་ལེན་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།
ཆུ་རགས་ཆེན་པོའི་སྟེང་དུ། ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་གྱི་འཐབ་རྩོད་ལ་རྐྱེན་ལམ་དུ་ཤོར་བའི་བློ་མཐུན་གྱི་ནང་མི་དང་། འབྲུབ་འགོག་གི་འཐབ་ས་དང་པོའི་མི་སྣ། སྔོན་ཐོན་དཔེ་མཚོན་གྱི་འཐུས་མི། འབྲུབ་འགོག་ཉེན་སེལ་ལ་ཞུགས་མཁན་དཔུང་སྡེའི་དཔོན་དམག་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་ཞུས་པ་དང་ཆབས་ཅིག རྒྱལ་ཡོངས་ཀྱི་འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་བློ་མཐུན་རྣམས་ལ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་གནང་ཞིང་། ཁོང་གིས། འདི་ལོ་འབྲུབ་ཆུ་རྒྱས་ཚུན་ལྷོ་ཕྱོགས་དང་བྱང་ཕྱོགས་ཀྱི་གཙང་པོ་དང་། ཆུ་བོ། མཚེའུ་བཅས་ཉེན་ཟོན་གྱི་ཆུ་ཁ་ལས་བརྒལ་བའི་ཉེན་ཁའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་ཐོན་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་། མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག་བཅས་ཀྱིས་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་དཀའ་ངལ་ལ་མི་སྐྲག་པ་དང་། ངལ་དུབ་ལ་མི་སྐྲག་པ། བློས་གཏོང་ལ་མི་སྐྲག་པ་བཅས་ཀྱི་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོ་བརྟན་པོར་བསྲུངས་ནས་སྔོན་ཐོན་དཔེ་མཚོན་མང་པོ་ཐོན་པ་དང་མི་སེམས་འགུལ་བའི་བྱས་རྗེས་མང་པོ་བཞག་པ་དང་ཀྲུང་གོའི་མི་དམངས་ཀྱི་བློ་སེམས་གཅིག་སྒྲིལ་དང་། དཔའ་ངར་ཆེར་སྐྱེད། རྣམ་པར་རྒྱལ་ཕོད་པ་བཅས་ཀྱི་དཔའ་བོའི་ཉམས་བཟང་མངོན་ནས་ཆུ་ལོག་ལ་སྙིང་རྗེ་མེད་ཀྱང་མི་ལ་སྙིང་རྗེ་ལྡན་པའི་མི་ཡུལ་གྱི་བརྩེ་སེམས་ཟབ་མོ་མངོན་པར་བྱས་ཡོད། ཏང་དང་མི་དམངས་ཀྱིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་ཞེས་གསུངས་པ་རེད།
དེ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧོ་ཧྥེར་ཨན་ཧུའེ་གསར་གཏོད་ཁང་དུ་གཟིགས་སྐོར་གནང་ནས་ཚན་རྩལ་གསར་གཏོད་དང་འཕེལ་རྒྱས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་ཐོབ་པའི་ཨན་ཧུའེ་ཡི་དགེ་མཚན་ལྡན་པའི་འཕེལ་རིམ་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཨན་ཧུའེ་ཡིས་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་དང་མགྱོགས་མྱུར་མཉམ་འདྲེས་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་བྱེད་པའི་འགག་རྩ་ནི་གསར་གཏོད་ལ་རྟེན་དགོས། གསར་གཏོད་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་ཚན་རྩལ་གྱི་གྲུབ་འབྲས་མགྱོགས་མྱུར་བརྗེ་སྒྱུར་དང་གསར་དར་ཐོན་ལས་མགྱོགས་མྱུར་སྐྱེད་སྲིང་བྱས་ཏེ་སྙིང་རུས་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་ཞེས་གསུངས་པ་རེད།
འབྲི་ཆུ་འཕྲེད་བརྒལ་གྱི་གཡུལ་འགྱེད་དྲན་གསོ་ཁང་ཁྲའོ་ཧུའུ་ཀྲི་པིན་དུ་གནས་ཡོད། ལོ་71གི་གོང་མི་དམངས་མང་ཚོགས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག་མི་དམངས་བཅིངས་འགྲོལ་དམག་གིས་ཐེངས་གཅིག་ལ་འབྲི་ཆུའི་ཉེན་ཁ་ལས་བསྒྲལ་ནས་ཀྲུང་གོ་ཡོངས་ལ་བཅིངས་འགྲོལ་གཏོང་ཆེད་ཆ་རྐྱེན་བསྐྲུན་ཡོད། ཞི་ཅིན་ཕིང་གིས་དྲན་གསོ་ཁང་ལ་གཟིགས་སྐོར་གནང་ནས། སྐབས་དེའི་གསར་བརྗེའི་ལོ་རྒྱུས་ལ་ཕྱིར་དྲན་གནང་ཞིང་། ཁོང་གིས་ཧོའེ་ཧའེ་གཡུལ་འགྱེད་དང་གཙང་པོ་འཕྲེད་བརྒལ་གྱི་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པ་ནི་མི་སེར་གྱི་སྟོབས་ཤུགས་ལ་བརྟེན་ནས་བྱུང་བ་ཞིག་རེད། དུས་གང་ཞིག་ལའང་ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་མི་དམངས་ཞེས་པའི་རྩ་བ་འདི་མི་བརྗེད་པར་བྱས་ཏེ་ནམ་ཡང་ལྷག་བསམ་རྣམ་དག་ངང་མི་དམངས་ལ་ཞབས་འདེགས་ཞུ་མཁན་ཞིག་བྱེད་དགོས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱ་ཁྱབ་སྤེལ་ཏེ་མི་རྣམས་ལ་ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་དོན་གང་ཡིན་པ་དང་། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་མཐའ་འཁྱོངས་བྱེད་དགོས་དོན་གང་ཡིན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་པ་ཤེས་རྟོགས་གཏིང་ཟབ་བྱེད་དུ་འཇུག་དགོས་པའི་ནན་བཤད་གནང་བ་རེད།
ཚེས་21ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཨན་ཧུའེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་ནས་ཨན་ཧུའེ་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་། ཨན་ཧུའེ་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྔར་བས་བསམ་བློར་བཅིངས་འགྲོལ་དང་། གསར་འབྱེད་འབད་འབུངས། འགན་ཤེས་འཁུར་ལེན། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་འབྲུབ་འགོག་གེགས་སེལ་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངལ་དུབ་ལ་མི་སྐྲག་པ་དང་བསྟུད་མར་དམག་འཐབ་བྱེད་པའི་སྤྱོད་ཚུལ་དར་སྤེལ་བཏང་སྟེ་འབྲུབ་འགོག་གེགས་སེལ་དང་གེགས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་གནོད་འཚེ་ཕོག་པའི་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱེད་དགོས། རིམས་ནད་དང་གནོད་འཚེས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་པོ་བསྐྱར་ལོག་སྔོན་འགོག་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་སྟེ་གནད་སྨིན་དབུལ་སྐྱོར་མཐའ་འཁྱོངས་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རོགས་སྐྱོར་བྱེད་དགོས། སྔོན་འགོག་གཙོ་བོར་འཛིན་པ་དང་འགོག་སྐྱོབ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་ཟུང་འབྲེལ་བྱས་ཏེ་ཆུ་བོ་དང་མཚེའུ་ཡི་བདེ་འཇགས་དང་། སྣོད་བཅུད་ཁོར་ཡུག་གི་བདེ་འཇགས། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་གི་བདེ་འཇགས་བཅས་ལ་དམིགས་ནས། རྨང་གཞིའི་རང་བཞིན་དང་འགག་རྩའི་རང་བཞིན་གྱི་རྣམ་གྲངས་གལ་ཆེན་ཁག་ཅིག་འཆར་འགོད་དང་འཛུགས་སྐྲུན་བྱེད་དགོས། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་གསུམ་པ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་ལས་ཀྱི་སྤུས་ཚད་དང་། ཕན་འབྲས། འགྲན་རྩོད་ནུས་པ་བཅས་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། དངོས་ཚན་དཔལ་འབྱོར་གྱི་རྒྱ་སྟོབས་ཆེ་རུ་གཏོང་བ་གཙོ་རྒོལ་ཁ་ཕྱོགས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་གཅིག་ནས་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བར་དམ་འཛིན་བྱས་ཏེ་བཟོ་སྐྲུན་ལས་རིགས་གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་ཕྱོགས་སུ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་ཐོན་ལས་ཀྱི་འཁོར་འབྲེལ་དང་མཁོ་སྤྲོད་ཀྱི་འཁོར་འབྲེལ་གྱི་བརྟན་པོའི་རང་བཞིན་ཆེ་རུ་གཏོང་བ་དང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་རྨང་གཞི་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་ཆགས་པའི་ཐབས་ལམ་ནུས་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། འཛམ་གླིང་གི་རྩེར་སོན་དང་སྡུར་བ་དང་ལག་རྩལ་གསར་ཤེས་འཚོལ་ཞིབ་དང་སྔ་བསམ་ཕྱི་ལྟའི་བཀོད་ཇུས་ལ་ཤུགས་སྣོན་བརྒྱབ་ནས་འགག་རྩ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྒྱུར་བཅོས་ཀྱི་ཚད་བརྒལ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འཇུར་མིག་སེལ་བ་དང་། འཕེལ་རྒྱས་ཀྱི་ལེགས་ཆ་གཅིག་སྡུད། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཞི་གཅིག་ཅན་དང་སྤུས་ཚད་ལེགས་པའི་འགག་རྩའི་བརྡ་ཆད་གཉིས་ལ་དམ་པོར་དམིགས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་བརྟན་པོར་བཙུགས་ནས། དམངས་འཚོའི་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཁེ་ལས་ལ་རོགས་སྐྱོར་དང་། ཁུར་པོ་ཡང་དུ་གཏོང་བ། ལས་གནས་བརྟན་དུ་གཏོང་བ། ལས་ཞུགས་རྒྱ་ཆེར་གཏོང་བ་བཅས་ཀྱི་རྒྱབ་སྐྱོར་རང་བཞིན་གྱི་བྱེད་ཐབས་སྔར་ལས་མང་བ་འདོན་པ། མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དམག་ཞབས་ཐིམ་པའི་དམག་མི། གནོད་འཚེ་ཕོག་པའི་མང་ཚོགས་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་མངོན་གསལ་དོད་པོས་ཡག་པོ་སྒྲུབ་པ། ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་བཅས་ཀྱིས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྲུང་སྐྱོང་དང་འཕེལ་བར་བྱེད་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ནས་སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་གཏོང་དགོས་པ། ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་དབུལ་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་ས་ཁུལ་དབུལ་པོ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་སྒྲིལ་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་དང་ཞབས་ཞུའི་གཙོ་གནད་གཞི་རིམ་ལ་ཕྱོགས་པར་སྐུལ་འདེད་བཏང་ནས་གཞི་རིམ་གྱི་སྤྱི་ཚོགས་བདེ་འཇགས་དང་ཕྱོགས་བསྡུས་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ནི་རང་རེའི་ཏང་གི་སྲིད་སྐྱོང་གི་རྨང་གཞི་རེད། ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་དང་འབྲུབ་འགོག་ཉེན་སེལ་གྱི་འཐབ་རྩོད་ལས་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བ་དང་། མི་དམངས་ལ་བརྟེན་ནས་སྲིད་བརྐྱངས་ཚེ་ནམ་ཡང་རྒྱལ་ཁ་འཐོབ་ངེས་ཡིན་པ་སླར་ཡང་ར་སྤྲོད་ཐུབ་ཡོད། རིམ་པ་ཁག་གི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་ཏང་གི་དམིགས་ཡུལ་ལག་བསྟར་བྱེད་པ་དང་མང་ཚོགས་ཀྱི་ལྟ་བ་བརྟན་པོར་བཙུགས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཆབ་སྲིད་ཀྱི་ཡིན་མིན་དབྱེ་འབྱེད་དང་། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས། ཆབ་སྲིད་ཀྱི་དུས་བབ་སྟངས་འཛིན། ཆབ་སྲིད་ཀྱི་ཉེན་ཁ་འགོག་ཟོན་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པར་བཀག་སྡོམ་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་མང་ཚོགས་ཀྱི་ཉེ་འགྲམ་དུ་ཁྱབ་རྒྱུར་སྐུལ་འདེད་བཏང་ནས་སྤྱོད་བཟང་དར་བ་དང་ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་ཡོང་བར་བྱེད་དགོས།
ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཁྲེན་ཞི། ཝང་ཡུང་། ཧོ་ལི་ཧྥུང་བཅས་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པ་དང་། ཀྲང་ཡིའུ་ཞ་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།