དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འབྲས་ལྡན་དུས་སུ་གང་སར་ལོ་ལེགས་གཏམ་བཟང་སྙན།

སྤེལ་དུས 2020-09-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
བོད་རང་སྐྱོང་ལྗོངས་ཀྱི“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”སྐབས་གསུམ་པའི་རྟེན་འབྲེལ་བྱེད་སྒོའི་ཟུར་བྲིས།

འདི་ནི་བོད་རང་སྐྱོང་ལྗོངས་ཀྱི“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”སྐབས་གསུམ་པའི་རྟེན་འབྲེལ་བྱེད་སྒོའི་འགོ་འཛུགས་མཛད་སྒོར《སྒྲ་སྙན་ཞབས་བྲོ》རྒྱག་བཞིན་པ། 
          ཟླ་9ཚེས་19ཉིན་བོད་རང་སྐྱོང་ལྗོངས་ཀྱི“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”སྐབས་གསུམ་པའི་རྟེན་འབྲེལ་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་དུ་གཉེར་བ་རེད། ད་ཐེངས་ཀྱི་བྱེད་སྒོར“ལོ་ལེགས་བྱུང་ཞིང་རྒྱལ་རྩེ་དར། བོད་ཀྱི་འབྲུ་མཛོད་ཕྱོགས་བཞིར་གྲགས”པའི་བརྗོད་དོན་གཙོ་བོར་དམིགས་ཏེ་འགོ་འཛུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དང་། ནས་སོན་རིམ་པ་དང་པོའི་ཞིང་ཁར་ལྟ་སྐོར། ཞིང་ལས་འཕྲུལ་ཆས་ཅན་ལས་ཡུལ་དངོས་སུ་ལྟ་སྦྱོང་། གྲོང་གསེབ་ཀྱི་གཅིག་སྡུད་དཔལ་འབྱོར་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་ལྟ་སྐོར་རྟོག་ཞིབ། དབུལ་སྐྱོར་ཐོན་རྫས་འགྲེམས་ཚོང་སོགས་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་སྔ་རྗེས་སུ་སྤེལ་བ་རེད། 
          འགོ་འཛུགས་མཛད་སྒོ་གཉེར་སར་ཞིང་འབྲོག་མང་ཚོགས་སྟོང་ཕྲག་མང་པོ་མཉམ་འཛོམས་ཀྱིས་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུས་ཤིང་། རུ་སྟར་གྲུ་བཞི་ཚོགས་རར་འཛུལ་བའི་མཛད་སྒོར་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མིའི་རུ་སྟར་གྲུ་བཞི་དང་། ཞིང་འབྲོག་ཚན་རྩལ་ལས་དོན་པའི་རུ་སྟར་གྲུ་བཞི། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་རུ་སྟར་གྲུ་བཞི་བཅས་ཀྱིས་གླུ་ལེན་གར་འཁྲབ་བྱས་ཏེ་རྒྱལ་རྩེ་རྫོང་གི་ཞིང་འབྲོག་པའི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་ཡོད། རྒྱལ་རྩེ་རྫོང་རྩེ་ཆེན་ཤང་རྩེ་ཤར་གྲོང་ཚོའི་ཞིང་པ་མིག་དམར་ཚེ་རིང་གིས་དགའ་ཚོར་ཆེན་པོས“ལོ་ལེགས་དེ་དག་དཀའ་སྤྱད་ངལ་རྩོལ་བྱས་ནས་ཐོབ་པ་ཞིག་རེད་ལ་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལག་གཉིས་ལ་བརྟེན་ནས་བྱུང་བ་ཞིག་རེད། སླད་ཕྱིན་ང་ཚོས་ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་ཉེ་འགྲམ་གྱི་མི་རིགས་ཁག་གི་སྤུན་ཟླ་གཅེན་གཅུང་དང་མཉམ་དུ་རང་ཉིད་ཀྱི་ཕ་ཡུལ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་འཛུགས་སྐྲུན་བྱེད་ཀྱི་ཡིན”ཞེས་བརྗོད་བྱུང་། 
          འདི་ལོ་ལོ་48ལ་སླེབས་པའི་སྐལ་བཟང་ཕུན་ཚོགས་རྒྱལ་རྩེ་རྫོང་རིག་རྩལ་ཚོགས་པར་ལས་ཀ་བྱས་ནས་ལོ་28སོང་བ་དང་ད་ཆ་འཁྲབ་ཁྲིད་པ་ཞིག་རེད། ཁོང་གིས་གསར་འགོད་པར“ད་ཐེངས་ང་ཚོས་རིག་རྩལ་འཁྲབ་ཚན་13གྲ་སྒྲིག་བྱས་ཡོད། ནང་སྦྱོང་བྱེད་སྐབས་དཀའ་ངལ་ཆེན་པོ་ཕྲད་ཀྱང་འཁྲབ་ཚན་ལ་ཚང་མའི་དགའ་བསུ་ཐོབ་དུས་དཀའ་སྡུག་ཇི་ཙམ་ཆེ་ཡང་རིན་ཐང་ལྡན་པའི་ཚོར་སྣང་བྱུང་། ད་ལོ་སྒྱུ་རྩལ་ཚོགས་པས་གཤམ་སྐྱོད་འཁྲབ་སྟོན་ཐེངས་64བྱས་པ་རེད། ངས་མུ་མཐུད་ཕུལ་བྱུང་གི་རིག་རྩལ་འཁྲབ་ཚན་དེ་བས་མང་བ་གྲ་སྒྲིག་བྱས་ཏེ་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཟམ་མི་ཆད་པར་སྐོང་གི་ཡིན”ཞེས་བརྗོད་བྱུང་། 
          རྒྱལ་རྩེ་རྫོང་ལ“རྒྱལ་ཡོངས་ཀྱི་ཞིང་ལས་རྫོང་སྟོབས་ཆེན་བརྒྱའི་གྲས”དང“ལྗོངས་ཡོངས་ཀྱི་ཚོང་སྒྱུར་འབྲུ་རིགས་རྟེན་གཞིའི་རྫོང”སོགས་ཀྱི་གོ་མིང་མང་པོ་ཡོད་ལ། “བོད་ཀྱི་འབྲུ་མཛོད”ཀྱི་མཚན་སྙན་ཡང་ལྡན་ཡོད། གསེར་མདོག་ཅན་གྱི་ས་རྒྱུ་གཤིན་པོའི་ས་ཞིང་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་ཡང་ཡང་བསྒྲགས་པ་དང་སོ་ནམ་ཞིང་པས་ཞིང་ཁར་བཙས་མ་རྔ་བཞིན་དུ་རྔུལ་ཆུའི་ཟིལ་པ་ཁྲུམ་ཁྲུམ་གྱི་ངོ་གདོང་ལས་ལོ་ལེགས་བྱུང་བའི་དགའ་སྤྲོའི་འཛུམ་མདངས་དབང་མེད་དུ་འཕྱུར་ཞིང་། “ད་ལོ་སྔར་བཞིན་ལོ་ལེགས་བྱུང་བའི་ལོ་རེད། སྔོན་དཔག་བྱས་ན། རྫོང་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་རྒྱ་མ་ཁྲི་14320ཟིན་དེ་ལོ་གོང་མ་ལས་རྒྱ་མ་ཁྲི་199འཕར་ངེས་རེད”ཅེས་རྒྱལ་རྩེ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་དོན་མི་སྣ་ཆོས་སྒྲོན་གྱིས་བརྗོད་བྱུང་། 
          རྒྱལ་རྩེ་རྫོང་གི་རྫོང་རིའི་ཐང་ཆེན་གྱི་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་གི་ཚོང་འདུས་ཟླ་9ཚེས་18ཉིན་ནས་འགོ་ཚུགས་ཤིང་། ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ནག་ཆུ་སོགས་གྲོང་ཁྱེར་གྱི་མཉམ་ལས་ཁང་དང་ཁེ་ལས་60ལྷག་ཙམ་འགྲེམས་ཚོང་ལ་ཞུགས་ཡོད། ཤིང་འབྲས་དང་སྔོ་ཚལ་སོས་པ་དང་། འབྲུ་རིགས་ལས་སྣོན་ཞིབ་ཚགས་ཐོན་རྫས། མི་རིགས་ལག་ཤེས་ཐོན་རྫས་སོགས་མིག་གིས་ལྟ་བས་མི་ངོམས་པའི་ཐོན་རྫས་དག་གིས་འཛད་སྤྱོད་པ་མང་པོའི་ཡིད་དབང་བཀུག་ཡོད། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ཉི་མ་བུ་ཁྲིད་ཀྱིས་སློབ་ཆུང་ལོ་རིམ་གསུམ་པར་སླེབས་པའི་བུ་མོར་ཡིག་གཟུགས་སྦྱོང་དེབ་ཆ་ཚང་ཞིག་ཉོས་ཤིང་། ཁོང་གིས“ད་ཆ་ལྟོ་གོས་ལ་སེམས་ཁྲལ་མི་དགོས་པས་ཉེ་འགྲམ་གྱི་མི་མང་ཆེ་བས་ཕྲུ་གུའི་སློབ་གསོར་སྣང་ཆེན་བྱས་ཏེ་ཁོ་ཚོར་ཚན་རིག་ཤེས་བྱ་མང་པོ་སློབ་པ་མ་ཟད། ད་དུང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་རིག་གནས་ཀྱི་གདེང་ཚོད་དང་མི་རིགས་ཀྱི་སྤོབས་སེམས་ཆེ་རུ་གཏོང་གི་འདུག”ཅེས་བརྗོད་བྱུང་། 
          ལོ་ལེགས་དུས་ཆེན་རིང་། བོད་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་རྒྱལ་རྩེ་རྫོང་གཞིས་ཀ་སྣོད་བཅུད་བཞོན་མ་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་། གཞིས་རྩེ་ཕུའུ་སྐྱོར་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཕ་ནག་རིལ་ཆུ་འཐག་ཁང་། རྒྱལ་རྩེ་རྫོང་གི་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཇོ་མོ་གླང་མའི་བལ་ལུག་གསོ་ཚགས་ར་བ་སོགས་སུ་ལྟ་སྐོར་དང་རྟོག་ཞིབ་བྱེད་པར་བསྐྱོད་པ་རེད།