ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་ན་གཞོན་བཞི་རྐང་རྩེད་སྤོ་ལོའི་འགོ་ཚུཊ་མཛད་སྒོར་ཞུཊ།

སྤེལ་དུས 2025-02-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  རྩོམ་པ་པོ།

        ཚེས22ཉིན་གྱི་དགོང་མོར། བྱམས་པ་བསྟན་འཛིན་དང་། བསྟན་འཛིན་དཔལ་འབྱོར། ངག་དབང་མཚོ་རྒྱལ། བསྟན་འཛིན་འཆི་མེད་བཅས་བོད་ལྗོངས་དིང་རིའི་ས་ཡོམ་ཁུལ་ནས་ཡོང་བའི་དིང་རི་སློབ་འབྲིང་གཉིས་པའི་བོད་ཀྱི་སློབ་མ་བཞིས་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་འདས་མཉམ་འགྲན་གྱི་འགོ་ཚུགས་མཛད་སྒོའི་ཐོག་རྒྱལ་གླུ་བླངས་པ་དང་ཆབས་ཅིག བྱམས་པ་བསྟན་འཛིན་གྱིས་ལག་ཏུ་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་འདས་མཉམ་འགྲན་གྱི་ཨང་དང་པོའི་བྱ་དགའི་བུམ་པ་འཁྱེར་ནས། གྲོགས་པོ་ཆུང་ཆུང་གཞན་དག་དང་མཉམ་དུ་ཧྲང་ཧའེ་ལུས་རྩལ་ཐང་དུ་བསྐྱོད་ཡོད། དེ་རྗེས་ཧྲང་ཧའེ་ཧྲེན་ཧྭ་དང་ཁྲང་ཁྲུན་ཡཱ་ཐེ་གཉིས་ཀྱིས་དེ་གར་འགོ་ཚུགས་འགྲན་བསྡུར་བྱས།

        ཚེས22ཉིན་ཕྱི་དྲོར། བོད་ཀྱི་སློབ་མ་བཞི་གདན་ཞུས་ལྟར་ཕུའུ་ཏུང་ཁུལ་གསར་དུ་གནས་པའི་ཧྲང་ཧའེ་ཧྲེན་ཧྭ་རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་གི་ཁང་ཆའོ་རྟེན་གཞིར་འབྱོར་ཞིང་། མིག་མདུན་གྱི་ལྗང་ཐིང་ཐིང་གི་རྐང་རྩེད་སྤོ་ལོའི་ཐང་ཆེན་མཐོང་སྐབས་བྱམས་པ་བསྟན་འཛིན་དང་བསྟན་འཛིན་དཔལ་འབྱོར་གཉིས་ཀྱིས་རང་དབང་མེད་པར་དེར་བྱིལ་བྱིལ་བྱས། 2024ལོའི་གཞིས་རྩེ་གྲོང་ཁྱེར་གྱིU15རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་ལ་ཞུགས་མྱོང་བའི་བྱིས་པ་གཉིས་ཀྱིས། སྤང་ལྗོངས་བཏིང་བའི་སྤོ་ལོ་ཐང་དེ་དངོས་གནས་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད། དེ་རྗེས་ཁོང་གཉིས་ཀྱིས་སྒོ་སྲུང་བ་དང་སྤོ་ལོ་འཕེན་མཁན་རེས་མོས་ངང་འགན་འཁུར་ཞིང་། ཡུན་རིང་མ་སོང་བར་བྱམས་པ་བསྟན་འཛིན་གྱིས་ཐད་ཀར་ལྷམ་ཕུད་དེ་དགོད་བཞིན་དུ། དེ་ལྟར་མ་བྱས་ཚེ་སྤོ་ལོ་ཡག་པོ་རྒྱག་ཐུབ་ཀྱི་མི་འདུག་ཅེས་བཤད། དེ་རྗེས་ཁོང་ཚོའི་ད་ཐེངས་ཀྱི་རུ་སྣེ་ཁྲིད་མཁན་གྱི་དགེ་རྒན་དང་། དིང་རི་རྫོང་གྲམ་མཚོ་ཞང་སློབ་ཆུང་གི་ལུས་རྩལ་དགེ་རྒན་འཕྲིན་ལས་རྡོ་རྗེ་ཡང་དེའི་ནང་དུ་ཞུགས། གོ་མེད་ཚོར་མེད་ཀྱི་བར་གསེང་དུ། ཁོང་ཚོས་ཆུ་ཚོད་ཕྱེད་ཀ་ཙམ་ལ་སྤོ་ལོ་བརྒྱབ་པ་དང་། ཚང་མའི་ལུས་ལ་རྔུལ་ཆུས་སྤངས་ཡོད།  

བྱམས་པ་བསྟན་འཛིན་དང་། བསྟན་འཛིན་དཔལ་འབྱོར། འཕྲིན་ལས་རྡོ་རྗེ་བཅས་ཀྱིས་ཁང་ཆའོ་རྟེན་གཞིའི་སྤོ་ལོ་ཐང་དུ་སྤོ་ལོ་རྒྱག་བཞིན་པ། 

        དེ་རྗེས་ཧྲང་ཧའེ་ཧྲེན་ཧྭ་ཡི་ཝུའུ་ཤིས་དང་། ཡུས་ཧན་ཁྲའོ། ཀའོ་ཐེན་དབྱེ། ཁྲེན་ཅིན་དབྱི་སོགས་སྤོ་ལོ་རྒྱག་མཁན་གྱིས་བོད་ཀྱི་གྲོགས་པོ་ཆུང་ཆུང་བཞི་དང་ཕན་ཚུན་སྤེལ་རེས་ཤིང་། ལག་རྟགས་ཀྱང་སྤྲོད་རེས་བྱས། ཧྲེན་ཧྭའི་སྤོ་ལོ་རྒྱག་མཁན་ཚོས་ཁོང་ཚོར་མིང་རྟགས་བཀོད་པའི་རྐང་རྩེད་སྤོ་ལོ་གྲ་སྒྲིག་བྱས་པ་དང་། གྲོགས་པོ་ཆུང་ཆུང་བཞིས་བོད་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་སྤོ་ལོ་རྒྱག་མཁན་ལ་ཕུལ་བ་རེད།

ཧྲེན་ཧྭ་ཡི་སྤོ་ལོ་རྒྱག་མཁན་དང་བོད་ཀྱི་གྲོགས་པོ་ཆུང་ཆུང་བཞིས་ཕན་ཚུན་ལག་རྟགས་སྤྲོད་རེས་བྱེད་བཞིན་པ། 

        དེའི་ཐད་དུ་ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་དང་། དིང་རི་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ། དིང་རི་རྫོང་སློབ་འབྲིང་གཉིས་པའི་སློབ་སྤྱི་བཅས་ཡིན་པའི་ཝང་ཧའེ་ཅིན་ལ་མྱོང་ཚོར་ཟབ་མོ་ཡོད་ཅིང་། ཁོང་གིས་དེ་སྔོན་གྱི་གནས་ཚུལ་ལ་ཕྱིར་དྲན་བྱས་པ་སྟེ། ཟླ་དང་པོའི་ཚེས7ཉིན། བོད་ལྗོངས་དིང་རིར་ས་ཡོམ་རིམ་པ6.8ཅན་བྱུང་བ་དང་། གྲམ་མཚོ་ཞང་ནི་གནོད་འཚེ་ཅུང་ཚབས་ཆེན་ཐེབས་པའི་གྲོང་རྡལ་ཡིན་ཞིང་། དེའི་ནང་གི་ཟིང་དཀར་གྲོང་ཚོ་ནི་ཞང་དེའི“གྲོང་ཚོ་ཆེན་པོ”ཉུང་ཤས་ཀྱི་གྲས་ཤིག་ཡིན་ཞིང་། གྲོང་ཚོ་དེར་མི་འབོར600ལྷག་ཙམ་ཡོད་ལ། གནོད་འཚེའང་ཚབས་ཆེན་ཐེབས་ཡོད། སྐབས་དེར། ཧྲང་ཧའེ་རུ་འཁོར་ཞག་ལ་ལོག་མ་ཐག་པའི་ཝང་ཧའེ་ཅིན་སོགས་འཕྲལ་དུ་དིང་རིར་ལོག་སྟེ་ཡོམ་འགོག་གེགས་སེལ་གྱི་ལས་ལ་ཞུགས། ཟླ་དང་པོའི་ཚེས10ཉིན། ཧྲང་ཧའེ་ཡི་བོད་སྐྱོར་དིང་རིའི་ཚོགས་ཆུང་གི་ལས་བྱེད་པ་ཀྲུའུ་ཏུང་ཧྥུང་དང་ཝང་ཧའེ་ཅིན་སོགས་ཡོམ་ལྟེ་གནས་སའི་གྲམ་མཚོ་ཞང་ཟིང་དཀར་གྲོང་ཚོར་བསྐྱོད་ཅིང་། གྲོང་ཚོ་དེའི་བཀོད་སྒྲིག་བྱ་ཡུལ་དུ་ཁོང་གིས་གྲོགས་པོ་ཆུང་ཆུང་མང་པོ་ཞིག་འདམ་གྱིས་ཁེངས་པའི་ས་སྟོང་དུ་རྐང་རྩེད་སྤོ་ལོ་རྒྱག་བཞིན་ཡོད་པ་དང་ཁོང་ཚོའི་གདོང་ལས་འཛུམ་མདངས་མངོན་པ་མཐོང་སྐབས། ལུས་རྩལ་གྱིས་མི་རྣམས་ལ་སྦྱིན་པའི་སྤྲོ་སྣང་དང་སྟོབས་ཤུགས་ཚོར་ཡོད།

        ཡོམ་ཁུལ་གྱི་ཕྲུ་གུ་ཚོར་སྐུལ་ལྕག་བྱ་ཆེད། དེ་ཉིན། ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་འབྲེལ་གཏུག་ཚོགས་ཆུང་གིས་ཧྲང་ཧའེ་ཧྲེན་ཧྭ་དང་འབྲེལ་གཏུག་བྱས་ཤིང་། ཕྱི་ཉིན་ཧྲེན་ཧྭ་ཡི་སྤོ་ལོ་རྒྱག་མཁན་ཝུའུ་ཤིས་དང་། ཡུས་ཧན་ཁྲའོ། ཀའོ་ཐེན་དབྱི། ཁྲེན་ཅིན་དབྱི། རུའོ་ཨང·ཐེ་ཞེ་ལཱ་སོགས་ཀྱིས་སྨོན་འདུན་ཞུ་བའི་བརྙན་བསྐུར། ཚེས12ཉིན། བོད་སྐྱོར་ལས་བྱེད་པ་སླར་ཡང་ཟིང་དཀར་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་ཡོང་ནས། ཧྲེན་ཧྭ་ཡི་སྨོན་འདུན་གྲོགས་པོ་ཆུང་ཆུང་ཚོར་ཕུལ་བ་མ་ཟད། ད་དུང་ཁོང་ཚོར་རྐང་རྩེད་སྤོ་ལོ་གསར་པ་སྤྲད་པ་རེད།

        2022ལོར་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་འབྲེལ་གཏུག་ཚོགས་ཆུང་གཞིས་རྩེར་ལས་ཀ་བྱེད་པར་འབྱོར་མ་ཐག་པའི་སྐབས་སུ། དྲ་ཐོག་གི་འདྲི་ཤོག་བརྟག་དཔྱད་ཅིག་བྱས་ནས་ཚུར་ལན་འདྲི་ཤོག4500ལྷག་ཙམ་འབྱོར་བ་དེའི་ཐོག  རྐང་རྩེད་སྤོ་ལོ་ནི་བོད་ཀྱི་ཕྲུ་གུ་ཚོས་དགའ་ཤོས་ཀྱི་ལུས་རྩལ་ཞིག་ཡིན་པ་མཚོན་ཡོད། ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་གཞོན་པ་ཝུའུ་ཁའེ་མིང་གིས། བོད་སྐྱོར་ལས་ལ་གཞོལ་བའི་ལོ་གཉིས་ལྷག་ཙམ་རིང་། ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པས་ས་གནས་དེ་གའི་རྐང་རྩེད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་མཐོང་ཆེན་བྱས་ཏེ། ས་གནས་དེ་གར་སྤོ་ལོ་ཐང་གསར་དུ་བསྐྲུན་པ་མ་ཟད། ད་དུང་ས་གནས་དེ་གའི་ཕྲུ་གུ་ལོ་གཉིས་བསྟུད་མར་སྒྲིག་འཛུགས་ཀྱིས་ཧྲང་ཧའེ་རུ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཞུགས་པར་ཁྲིད་ཡོད། གཞན་ཡང་ན་ནིང་ནི་རྒྱལ་ཡོངས་ཀྱིས་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ30འཁོར་བའི་ལོ་ཞིག་རེད་ལ། ཧྲང་ཧའེ་ཧྲེན་ཧྭ་རུ་ཁག་བཙུགས་ནས་ལས་རིགས་རིམ་མཚུངས་མཉམ་འགྲན་ནང་ཞུགས་ནས་ལོ30འཁོར་བའི་ལོ་ཡང་རེད། ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་སྒྲིག་འཛུགས་ཚོགས་ཆུང་གི་འབྲེལ་མཐུད་བྱས་པ་བརྒྱུད། ན་ནིང་ཟླ6པའི་ཚེས26ཉིན་གྱི་དགོང་མོར། ཧྲང་ཧའེ་ཧྲེན་ཧྭ་ཡིས་འགྲན་ར་གཙོ་བོར་མེ་ཀྲོའུ་ཁེ་ཅཱ་དང་ཀྲུང་གོའི་རིམ་འདས་མཉམ་འགྲན་མ་བྱས་གོང་། སྒལ་གཞུང་གཞོགས་འཁྱོག་གཤགས་བཅོས་བྱས་ཏེ་དྲག་སྐྱེས་བྱུང་མ་ཐག་པའི་བོད་ཀྱི་བུ་མོ་ཟླ་བ་ལྷ་སྐྱིད་རྒྱལ་གླུའི་གཞས་སྣེ་འདྲེན་མཁན་ཡིན་པའི་ངོས་ནས་ཧྲང་ཧའེ་ལུས་རྩལ་ཐང་དུ་རྒྱལ་གླུ་བླངས་ཤིང་། རྐང་རྩེད་སྤོ་ལོ་སྦྲེལ་ཐག་ཏུ་བྱས་ཏེ་ཧྲང་ཧའེ་དང་བོད་ལྗོངས་གཉིས་ཀྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་ཡོད་ཅེས་ངོ་སྤྲོད་བྱས།

        ད་ཐེངས་དགུན་གནང་གི་སྐབས་དང་བསྟུན་ནས་དིང་རིའི་དགེ་སློབ་ཁ་ཤས་ཧྲང་ཧའེ་རུ་གདན་དྲངས་པ་དེའང་གེགས་རྗེས་ཀྱི་ཕྲུ་གུ་ཚོར་སེམས་ཁམས་ཁྲིད་སྟོན་བྱེད་པའི་ལས་ཀའི་ཆ་ཤས་ཤིག་ཡིན་ཞིང་། ཝང་ཧའེ་ཅིན་གྱིས། ས་ཡོམ་གྱི་གནོད་ཐེབས་ས་ཁུལ་གྱི་ཆུ་ལྷོ་ཞང་མཚོ་ལྔ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་ཕྲུ་གུ་ཚོར་“གཡག་རུ་ཁག”ཅེས་པའི་སྤོ་ལོའི་རུ་ཁག་ཅིག་ཡོད་ཅིང་། རུ་ཁག་དེའི་རུ་དཔོན་ནི་བྱམས་པ་བསྟན་འཛིན་རེད། སྟབས་འགྲིག་པ་ཞིག་ལ་ད་ཐེངས་ཁོང་ཚོས་ཁྱེར་བའི་རི་མོའི་ཁྲོད་དུའང་སྟོབས་དང་ལྡན་པའི་གཡག་ཞིག་གིས་མི་སྒལ་པར་འཁུར་ཏེ་སྐྱོད་བཞིན་པའི་རི་མོ་ཞིག་ཡོད་ཅེས་བཤད།

སྟོབས་དང་ལྡན་པའི་གཡག་ཞིག་གིས་མི་འཁུར་ཏེ་མདུན་སྐྱོད་བྱེད་བཞིན་པ། 

        ཧྲང་ཧའེ་རུ་སྡོད་རིང་། རྐང་རྩེད་སྤོ་ལོའི་ཐད་ཀྱི་སྤེལ་རེས་བྱེད་སྒོ་ཕུད། བོད་ཀྱི་ སློབ་མ་བཞིས་ད་དུང་སུང་ཅང་སློབ་འབྲིང་དང་པོའི་དགེ་སློབ་ཚོ་དང་སྤེལ་རེས་བྱས་པ་དང་འབྲེལ། ཐུགས་རྗེ་ཆེའང་ཞུས་ཤིང་། དེ་སྔོན་དིང་རིར་ས་ཡོམ་བྱུང་རྗེས། སུང་ཅང་སློབ་འབྲིང་དང་པོའི་དགེ་སློབ་ཚོས་དེ་གར་དངུལ་སྒོར་ཁྲི5.4ལྷག་ཙམ་ཞལ་འདེབས་བརྒྱབ་པ་མ་ཟད། ད་དུང་ཀོང་ཧྥུའུ་ལིན་རིག་གནས་གནའ་ཤུལ་དུ་ཧྲང་ཧའེ་ཡི་ལོ་རྒྱུས་ཤེས་རྟོགས་བྱེད་པར་ཡང་བསྐྱོད་ཡོད། དེའི་རིང་ཁོང་ཚོས་ཝང་ཧའེ་ཅིན་གྱིས་ཧྲང་ཧའེ་ཡི་གྲོགས་པོ་ཆུང་ཆུང་བཞི་དང་ཚོགས་སྒྲིག་བྱེད་རྒྱུ་ཆེད་མངགས་བཀོད་སྒྲིག་བྱས་པ་དང་འབྲེལ། གྲོགས་པོ་ཆུང་ཆུང་ཚོར་ཀོང་ཧྥུའུ་ལིན་ངོ་སྤྲོད་ཀྱང་བྱེད་དུ་བཅུག་ཅིང་། ཁོང་གིས་བལྟས་ན“བྱིས་པའི་འཇིག་རྟེན”གྱི་འདུ་ཤེས་ནི་སློབ་གསོའི་ཁྲོད་གལ་འགངས་ཧ་ཅང་ཆེ་ཤོས་ཤིག་རེད། དེ་རྗེས་ད་ཐེངས་ཧྲང་ཧའེ་རུ་ཡོང་བའི་བོད་ཀྱི་དགེ་སློབ་ཚོ་ད་དུང་ཀྲུང་གུང་ཚོགས་ཆེན་དང་པོ་ཚོགས་ཡུལ་དང་། ཤར་ཕྱོགས་ཀྱི་མུ་ཏིག ཝེ་ཐན་སོགས་སུ་ཁྲིད་རྒྱུ་རེད།

        “ད་ཐེངས་བོད་ཀྱི་དགེ་སློབ་ཚོ་ཧྲང་ཧའེ་རུ་སྤེལ་རེས་མཉམ་འགུལ་བྱེད་པར་བསྐྱོད་པ་ནི་སྤོ་ལོ་རྒྱག་མཁན་ཚོས་སྨོན་འདུན་ཞུ་བའི་བརྙན་བསྐུར་བར་ཐུགས་རྗེ་ཆེ་ཞུས་པ་ཞིག་ཡིན་ལ། ཧྲང་ཧའེ་ཡི་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་དིང་རི་དང་གཞིས་རྩེར་འཁྱེར་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་བས་བརྟན་དུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ཝུའུ་ཁའེ་མིང་གིས་བཤད་པ་དང་། ཁོང་གིས་སླད་ཕྱིན་ཧྲང་ཧའེ་བོད་སྐྱོར་གྱིས་སེམས་ནུས་དེ་བས་མང་བ་འདོན་པ་དང་བྱེད་ཐབས་དེ་བས་མང་བ་སྤྱད་དེ་ས་གནས་དེ་གའི་གེགས་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་ནང་ཞུགས་རྒྱུ་རེད་ཅེས་བཤད།