ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་རེད། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཚོགས་ཆེན་ལ་ཞུགས་པ།
ཟླ་3ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བཞིན་པ།
ཟླ་3ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་ཀྲའོ་ལེ་ཅི་ཡིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་ཚོགས་ཆེན་ལ་ཞུགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་བསྒྲུབ་རྒྱུ་རེད།
མི་དམངས་ཚོགས་ཁང་ཆེ་མོའི་རྣམ་པ་བབ་བརླིང་ལྡན་ཞིང་སྤྲོ་སེམས་འཁོལ་བ་ཞིག་ཡོད་ཅིང་། ཀྲུའུ་ཞི་སྡིངས་ཆའི་རྒྱབ་ཡོལ་གྱི་དབུས་སུ་བཀལ་བའི་རྒྱལ་རྟགས་དང་ཚོགས་རའི་ཐོག་སྟེང་གི་དམར་མདངས་བཀྲ་བའི་ཟུར་ལྔའི་སྐར་མའི་གློག་སྒྲོན་གཅིག་ལ་གཅིག་གིས་རྒྱན་ཞིང་འོད་མདངས་རབ་ཏུ་འཚེར།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ཀྲའོ་ལེ་ཅི་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ལི་ཧུང་ཀྲུང་དང་། ཝང་ཏུང་མིང་། ཤའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥུང་། ཧོ་ཝེ། ཝུའུ་ཝུའེ་ཧྭ། ཐེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝུའེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི·ཀྲ་ཁེར། ལིའུ་ཆི་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད་པ་རེད།
ཞི་ཅིན་ཕིང་དང་། ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྡིངས་ཆར་བཞུགས་ཡོད་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་འཐུས་མི་2929ཕེབས་དགོས་ཤིང་། ཚེས་5ཉིན་གྱི་སྔ་དྲོའི་ཚོགས་འདུར་འཐུས་མི་2880ཕེབས་ཡོད་པ་དང་། འཐུས་མི་49ཕེབས་ཐུབ་མེད་པ། ཚོགས་འདུར་དངོས་སུ་ཕེབས་པའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
སྔ་དྲོའི་ཆུ་ཚོད་9པར། ཀྲའོ་ལེ་ཅི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
ཚོགས་འདུའི་གྲོས་རིམ་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་དེ་ཉིད་ཆ་ཤས་གསུམ་ལ་ཕྱེ་བ་སྟེ། གཅིག་ནི་2024ལོའི་ལས་དོན་ལ་ཕྱིར་མིག་ལྟ་བ་དང་། གཉིས་ནི་2025ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་འཛིན་ཕྱོགས། གསུམ་ནི་2025ལོའི་སྲིད་གཞུང་ལས་དོན་གྱི་ལས་འགན་བཅས་རེད།
ལི་ཆང་གིས་སྙན་སྒྲོན་གནང་སྐབས་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་རང་རྒྱལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནི་སྤྱིར་བཏང་གཏན་ནས་མིན་ཞིང་། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཇེ་ཆེར་འགྲོ་བ་དང་ནང་ཁུལ་གྱི་དཀའ་ངལ་ཇེ་མང་དུ་འགྲོ་བའི་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་དུས་བབ་ཀྱི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འབུངས་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱས་པས། དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་པོ་དང་བརྟན་ཁྲོད་ཡར་འཕེལ་བྱུང་བ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། ཐོན་སྐྱེད་ནུས་ཤུགས་གསར་མར་འཕེལ་རྒྱས་བརྟན་པོ་བྱུང་བ། རང་རྒྱལ་གྱི་དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་རྒྱུན་མཐུད་ཆེ་རུ་ཕྱིན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་གསར་པ་བརྟན་པོ་སྤོ་ཐུབ་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ང་ཚོའི་ཆོད་སེམས་དང་གདེང་ཚོད་དེ་བས་བརྟན་དུ་ཕྱིན་ཡོད།
ལི་ཆང་གིས་སྙན་སྒྲོན་གནང་སྐབས་བསྟན་དོན། ལོ་གཅིག་རིང་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་།
ཏང་གི་འགོ་ཁྲིད་དེ་སྲིད་གཞུང་ལས་དོན་གྱི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྟར་གཤམ་གསལ་གྱི་ལས་དོན་གཙོ་བོར་བསྒྲུབས་པ་སྟེ། གཅིག་ནས་དུས་བབ་དང་གནས་བབ་ལ་གཞིགས་ཏེ་སྤྱི་ཁོག་སྙོམ་སྒྲིག་ལ་ཤུགས་སྣོན་དང་གསར་གཏོད་བྱས་ནས་དཔལ་འབྱོར་བསྐྱར་འཕར་ལེགས་འཕེལ་ཡོང་བར་སྐུལ་འདེད་བཏང་བ་དང་། གཉིས་ནས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་བཏང་བ། གསུམ་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཐོན་ལས་ཀྱི་གྲུབ་ཆ་ལེགས་གཏོང་དང་རིམ་སྤོར་ལ་སྐུལ་འདེད་བཏང་བ། བཞི་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ་དཔལ་འབྱོར་གྱི་བཀོད་པ་ལེགས་སུ་བཏང་བ། ལྔ་ནས་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཧུར་ཐག་བཏང་སྟེ་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བ། དྲུག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་བ། བདུན་ནས་སྲིད་གཞུང་འཛུགས་སྐྱོང་དང་བཅོས་སྐྱོང་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་མུ་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་བྱས་པ་བཅས་རེད།
ལི་ཆང་གིས་སྙན་སྒྲོན་གནང་སྐབས་བསྟན་དོན། གྲུབ་འབྲས་ལ་ཁས་ལེན་བྱེད་པ་དང་ཆབས་ཅིག་ང་ཚོས་འཕྲད་པའི་གནད་དོན་དང་འགྲན་སློང་ཡང་གསལ་པོ་མཐོང་བྱུང་། ང་ཚོས་དཀའ་ངལ་གྱི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ་མ་ཟད། འཕེལ་རྒྱས་ཀྱི་གདེང་ཚོད་དེ་བས་བརྟན་དུ་གཏོང་དགོས།
ལི་ཆང་གིས་སྙན་སྒྲོན་ནང་གསུངས་དོན། ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་རེད། ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5%ཡས་མས་འཕར་བར་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་5.5%ཡས་མས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་ཁྲི་1200ཡན་ཟིན་པར་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་2%ཡས་མས་ཟིན་པར་བྱ་རྒྱུ། གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཅིག་མཚུངས་ཡོང་བར་བྱ་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་རྒྱུན་འཁྱོངས་ཐུབ་པར་བྱ་རྒྱུ། འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.4ཡས་མས་ཟིན་པར་བྱ་རྒྱུ། ཚན་པའི་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་གྱི་ནུས་རྒྱུ་ཟད་གྲོན་3%ཡས་མས་ཆག་པར་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་རྒྱུ་བཅས་རེད།
ལི་ཆང་གིས་སྙན་སྒྲོན་གནང་སྐབས་བསྟན་དོན། ད་ལོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་པར་ངེས་པར་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་གྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དེར་དམ་འཛིན་ནན་པོ། སྤུས་ཚད་ལ་བརྟེན་ནས་རྒྱལ་ཁ་ལེན་པ་དང་གཞི་ཁྱོན་གྱི་ཕན་འབྲས་འདོན་པ་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་སྤུས་ཚད་མཐོ་རུ་ནུས་ལྡན་་གཏོང་བ་དང་གྲངས་འབོར་ལུགས་མཐུན་འཕར་བར་བྱེད་དགོས།
ལི་ཆང་གིས་སྙན་སྒྲོན་གནང་སྐབས་བསྟན་དོན། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། དེས་ན་ང་ཚོས་གཙོ་གནད་འབུར་ཐོན་དང་འགག་རྩ་ཁོང་དུ་ཆུད་པར་བྱས་ནས་གཤམ་གྱི་ཕྱོགས་འགའི་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་བྱེད་དགོས་པ་སྟེ། འཛད་སྤྱོད་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་བ་དང་མ་འཇོག་གི་ཕན་འབྲས་ཆེ་རུ་བཏང་སྟེ་རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོང་དགོས་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་དགོས་པ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས་པ། མཚོན་རྟགས་རང་བཞིན་གྱི་སྒྱུར་བཅོས་བྱེད་ཐབས་ལག་ལེན་གང་མགྱོགས་བསྟར་བར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱེད་དགོས་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་ཕྱི་ཕྱོགས་ཚོང་དོན་དང་ཕྱི་དངུལ་བརྟན་དུ་ཧུར་ཐག་གཏོང་དགོས་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་ནུས་ལྡན་དང་བསལ་ཏེ་མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་དགོས་པ། “ཞིང་གསུམ”ལས་དོན་ལ་དམ་འཛིན་བྱེད་རྒྱུར་ཤུགས་བརྒྱབ་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་བར་མཐོངས་རྣམ་པ་སྔར་བས་ལེགས་སུ་གཏོང་དགོས་པ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ལ་བསྒྱུར་མགྱོགས་སུ་གཏོང་དགོས་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས་པ་བཅས་རེད།
སྙན་སྒྲོན་ནང་ལི་ཆང་གིས་ད་དུང་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་དང་། མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མི་བཅས་ཀྱི་ལས་དོན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་དང་ངོགས་གཉིས་ཀྱི་འབྲེལ་བ། དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་ལ་རྒྱས་བཤད་གནང་བ་རེད།
ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་སྒྲོན་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོཌ་ཀྱི་འཆར་གཞིའི་འཆར་ཟིན་དང་། 2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་སྒྲོན་དང་2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་ལ་གསལ་བཤད་གནང་བ་རེད།