ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

པད་མ་གཡུ་སྒྲོན་གྱིས“ཨུ་ཡོན་བགྲོད་ལམ”ཐོག་འདི་ལྟར་གསུངས་པ།

སྤེལ་དུས 2025-03-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

      ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཀྲུང་དབྱང་ཚོམས་ཆེན་གྱི་བྱང་ངོས་སུ་གློག་འོད་འཚེར་ཞིང་མི་ཚོགས་ཀྱིས་ཁེངས་འདུག རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི“ཨུ་ཡོན་བགྲོད་ལམ”གྱི་མཉམ་སྡེབ་བཅར་འདྲི་ཐེངས་གསུམ་པ་དེ་གར་འཚོགས་ཤིང་། བོད་ལྗོངས་ནས་ཡོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པད་མ་གཡུ་སྒྲོན་གྱིས་མོན་པ་རིགས་ཀྱི་སྲོལ་རྒྱུན་གྱི་མི་རིགས་རྒྱན་ཆས་གྱོན་ཏེ་བགྲོད་ལམ་དུ་ཕེབས་ནས།  རང་ཉིད་ཀྱི་ཉམས་མྱོང་དངོས་ལ་བརྟེན་ཏེ་མེ་ཏོག་རྫོང་འདི་ཉིད“ས་མཐོའི་ཁེར་རྐྱང་གླིང་ཕྲན”ནས“མཛེས་སྡུག་ལྡན་པའི་མཐའ་མཚམས་གྲོང”དུ་འགྱུར་བའི་དུས་རབས་ཀྱི་འཕོ་འགྱུར་གླེང་། 

 

      མེ་ཏོག་རྫོང་དུ་སྐྱེས་པ་དང་འཚར་ལོངས་བྱུང་བའི་མོན་པ་རིགས་ཤིག་ཡིན་པའི་པད་མ་གཡུ་སྒྲོན་སློབ་ཆེན་ཐོན་རྗེས་རང་མོས་ངང་ཕ་ཡུལ་དུ་ལས་ཀ་བྱེད་པར་ལོག་རྒྱུའི་རེ་འདུན་ཞུས་པ་དང་། ད་ལྟ་མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་ཕྱོགས་བསྡུས་འདྲི་གཅོད་ཐིང་གི་ཐིང་ཀྲང་ཡིན་ཞིང་། ཁོང་གིས“སྔོན་ཆད་མེ་ཏོག་གི་སྐོར་གླེང་སྐབས་མི་རྣམས་ཀྱིས་ཐོག་མར་དྲན་པ་ནི‘ས་མཐོའི་གླིང་ཕྲན་ཁེར་རྐྱང’དང་། དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པ་དག་ཡིན་མོད། འོན་ཀྱང་ད་ཆ་སྔོན་ཆད་ཀྱི་སྦས་ལུང་དེས་འཛམ་གླིང་ལ་ཁ་ཕྱོགས་ཏེ།  སྒོ་དབྱེའི་མེ་ཏོག་ལས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད”ཅེས་ཕྱིར་དྲན་བྱེད་བཞིན་གསུངས། 

      2013ལོའི་ཟླ10པའི་ཚེས31ཉིན། སྤྱིའི་རིང་ཚད་སྤྱི་ལེ117ཡོད་ལ་གས་སྲུབས་ཁུལ6བརྒལ་བའི་མེ་ཏོག་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པས། ཀྲུང་གོའི་གཞུང་ལམ་མེད་པའི་རྫོང་མཐའ་མ་དེར་གཞུང་ལམ་ཤར་གཏོང་ཐུབ་ཡོད། “རང་བྱུང་འོབ་དོང་བདེ་ལམ་ལ་འགྱུར་བའི”འགྱུར་ལྡོག་ཆེན་པོ་དེའི་བདེན་དཔང་བ་དང་ཕན་པ་ཐོབ་མཁན་ཞིག་ཡིན་པའི་པད་མ་གཡུ་སྒྲོན་གྱིས“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མཐའ་མཚམས་མི་དམངས་ལ་སེམས་ཁུར་གནང་སྟེ། མཐའ་དར་དམངས་ཕྱུག་གི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་། མེ་ཏོག་བ་མི་རབས་མང་པོས་རེ་སྒུག་ཆེན་པོ་བྱེད་པའི་བགྲོད་ལམ་ཤར་གཏོང་བྱས་ཏེ། མཐའ་མཚམས་གྲོང་མེ་ཏོག་འདི་ཉིད་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་ཡོད”ཅེས་མྱོང་ཚོར་ཟབ་མོའི་ངང་གསུངས། 

     ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གླེང་སྐབས་སུ།  པད་མ་གཡུ་སྒྲོན་ལ་སྤོབས་སེམས་ཆེན་པོ་སྐྱེས་བྱུང་། ཁོང་གིས་ཡུལ་དངོས་ཀྱི་གསར་འགོད་པར། ད་ལྟ་མེ་ཏོག་གི་གང་སར་གཙང་ལ་རྒྱ་ཆེ་བའི་ཨར་འདམ་ལམ་བཏིང་བས་གྲོང་མི་ཚོ་འགྲོ་སྐྱོད་བྱེད་བདེ་བ་དང་། ཁྱིམ་ཚང་ཚང་མར་ཆུ་དྭངས་གཙང་དང་། གློག་བརྟན་པོ། དྲ་བ་མྱུར་པོ་བཅས་སྤྱོད་རྒྱུ་བྱུང་ལ་རྨང་གཞིའི་སྒྲིག་བཀོད་ཀྱང་ཉིན་རེ་ལས་མ་འདས་པར་འཐུས་སྒོ་ཚང་དུ་ཕྱིན་པ། མོན་པའི་ཁྱད་ཆོས་ལྡན་པའི་ཁང་པ་གསར་པ་སྟར་ཕྲེང་དུ་གནས་ལ་ཁྱིམ་གྱི་སྒོ་འགྲམ་ནས་སྨན་བཅོས་དང་སློབ་གྲྭར་བསྐྱོད་ཐུབ་པ། སྒེའུ་ཁུང་ཕྱེ་མ་ཐག་སྔོ་ལྗང་མཐོང་རྒྱུ་ཡོད་པ་དང་། སྒོ་ཕྱེ་མ་ཐག་མེ་ཏོག་མཐོང་རྒྱུ་ཡོད་པ། གོམ་པ་ཁ་ཤས་སྤོས་ཚེ་རི་མོ་ལྟར་མཛེས་པའི་ཡུལ་ལྗོངས་མཐོང་རྒྱུ་ཡོད་པ་སོགས་སྤྱི་གླིང་གྲོང་ཁྱེར་འདི་ཉིད་དེ་བས་མཛེས་སྡུག་ལྡན་པར་འགྱུར་བཞིན་ཡོད་ཅེས་ངོ་སྤྲོད་གནང་། 

    “རྨང་གཞིའི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བ་དང་མང་ཚོགས་ཚོའི་འབབ་འཕར་ཐབས་ལམ་ཇེ་ཡངས་སུ་འགྲོ་བཞིན་ཡོད”ཅེས་པད་མ་གཡུ་སྒྲོན་གྱིས་གསུངས་པ་དང་། ཁོང་གིས་ས་གནས་དེ་གའི་མང་ཚོགས་ཀྱིས་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་། 

      རྡོ་ཁོག་བྱ་ཤ་སོགས་ས་གནས་དེ་གའི་ཞིམ་ཟས་བཙོངས་བ། རི་མཐོའི་སྐྱེ་ལྡན་ཇ་སོགས་དཔལ་འབྱོར་ལོ་ཏོག་བཏབ་པ་བཅས་ལས་རི་སྔོ་ཆུ་དྭངས་གསེར་རི་དངུལ་རིར་འགྱུར་པ་དང་། མེ་ཏོག་གི་ཞིང་ལས་ཐོན་རྫས་དེ་བས་མང་བ་རི་མཐོ་ནས་རྒྱལ་ཡོངས་སུ་བསྐྱོད་པའི་སྐོར་དཔེ་དྲངས་ནས་གསུངས། 

      2024ལོར། མེ་ཏོག་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་སྒོར24935ཟིན་ནས།  སླར་ཡང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཞིང་། “མེ་ཏོག་གི་ལམ་བུའི་སྣེ་གཅིག་ཏང་ཀྲུང་དབྱང་གི་སེམས་ཁུར་གཟིགས་སྐྱོང་དང་འབྲེལ་བ་དང་། སྣེ་གཅིག་མཐའ་མཚམས་བུ་ཕྲུག་ཚོའི་ 

      བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་དང་འབྲེལ་ཡོད། རང་བྱུང་འོབ་དོང་བདེ་ལམ་དུ་འགྱུར་བ་ནི་མེ་ཏོག་བ་མི་རབས་མང་པོའི་སྔོན་ཆད་ཀྱི་ཕུགས་འདུན་ཡིན་པ་མ་ཟད། མེ་ཏོག་འཕེལ་རྒྱས་འགྲོ་བའི་འགོ་འཛུགས་ས་གསར་པར་ཡང་འགྱུར་རྒྱུ་ཡིན་པས། དེས་མཐའ་མཚམས་ཀྱི་བུ་ཕྲུག་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད”ཅེས་པད་མ་གཡུ་སྒྲོན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་གསུངས། 

       “འཛམ་གླིང་ལ་མེ་ཏོག་རྫོང་གཅིག་ལས་མེད་པ་དང་མེ་ཏོག་རྫོང་ལ་འཛམ་གླིང་ཧྲིལ་པོ་དབང་ཡོད” བཅར་འདྲིའི་མཇུག་ཏུ་པད་མ་གཡུ་སྒྲོན་གྱིས་གསར་འགོད་པ་ཚོ“མཛེས་སྡུག་ལྡན་པའི་མཐའ་མཚམས་གྲོང་། སྦས་ལུང་མེ་ཏོག”དུ་ཡོང་ནས་མེ་ཏོག་གི་རྡོ་ཁོག་བྱ་ཤ་དང་ཨ་རག་སེར་པོའི་བྲོ་བ་མྱོང་བ་དང་། ཡར་ལུང་གཙང་པོའི་བརྗིད་ཉམས་ལ་ལྟ་བ། “ཉིན་གཅིག་ལ་དུས་བཞིའི་ཡུལ་ལྗོངས་བརྒྱུད། ལེ་དབར་བཅུ་ལ་གནམ་གཤིས་འགྱུར་ལྡོག་ཆེ་བའི”ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལ་མྱོང་རོལ། “མེ་ཏོག་ཏུ་སླེབས་སྐབས་ཁྱེད་ནི་སྐུ་མགྲོན་ཙམ་མ་ཟད། མཐའ་སྲུང་བ་ཞིག་དེ་བས་ཡིན་པའི”སྤོབས་སེམས་ཆེན་པོ་ཉམས་ལེན། སེམས་རྩ་འཁོལ་ལ་བབ་ཆགས་པའི་མོན་པའི་མི་དམངས་དང་མཉམ་དུ་སྒོར་གཞས་འཁྲབ་སྟེ་མཐའ་མཚམས་ཀྱི་མཛེས་ལྗོངས་དང་མཐའ་མཚམས་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་དངོས་སུ་མྱོང་ཚོར་བཅས་བྱེད་པར་ཡོང་རྒྱུའི་གདན་འདྲེན་ཞུས།