“གྲོང་ལྷན་ནང་བོད་སྨན་ཁང་ཞིག་བཙུགས་ཡོད་པར་བོད་སྨན་ཆེད་མཁས་པས་སྨན་བཅོས་བྱེད་བཞིན་པ་གོ་ཐོས་བྱུང་བས། ཆེད་མངགས་ཆེད་མཁས་པར་ངའི་རྐང་པའི་ཚིགས་ནད་ལ་བརྟག་དཔྱད་བྱེད་དུ་འཇུག་རྩིས་ཡོད”ཅེས་གྲྭ་བཞི་གྲོང་གསར་གྱི་གྲོང་མི་བསྟན་པས་སྒོ་ཁར་བོད་སྨན་ཁང་བཙུགས་པ་དེ། སྡེ་ཁུལ་གྱི་རྒན་རྒོན་རྣམས་ཀྱི་ངོས་ནས་བརྗོད་ན་དམངས་ལ་སྟབས་བདེ་དང་དམངས་ལ་ཕན་པ་ཡོད་པའི་བྱ་བ་བཟང་པོ་ཞིག་ཡིན་པས། ཐག་ཉེ་ས་ནས་སྨན་བཅོས་བྱེད་པའི་དགོས་མཁོ་དང་ཧ་ཅང་འཚམ་པོ་ཡོད་ཅེས་བཤད།
ཉེ་ཆར། གསར་འགོད་པ་གྲྭ་བཞི་གྲོང་གསར་སྡེ་ཁུལ་དུ་བཙུགས་པའི་བོད་སྨན་ཁང་དུ་ཕེབས་སྐབས་སུ། སྒོ་ཁར་གྲལ་སྟར་རིང་པོ་བསྒྲིགས་ཡོད་པ་དེ་དག་ནི་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་གྲོང་མི་དང་དེ་བརྒྱུད་ནས་འགྲོ་མཁན་གྱི་གྲོང་མི་ཡིན་པ་དང་། ཚང་མ་ཆེད་མཁས་པ་བཙལ་ནས་སྨན་བཅོས་བྱེད་པར་ཡོང་བ་རེད།
བསོད་ནམས་ཚེ་རིང་གིས་སྡེ་ཁུལ་གྱི་གྲོང་མིར་སྨན་བཅོས་བྱེད་བཞིན་པ།
གྲྭ་བཞི་གྲོང་གསར་སྡེ་ཁུལ་ཏང་སྤྱི་ཁྱབ་ཧྲུའུ་ཅི་བསྟན་འཛིན་ངག་དབང་གིས་རྒན་རྒོན་གྱི་བདེ་ཐང་ཞབས་ཞུའི་དགོས་མཁོ་སྐོང་ཆེད་དུ། གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱིས་བོད་ལྗོངས་ཀྱི་སྡེ་ཁུལ་གྱི“བོད་སྨན་ཁང”ཐོག་མ་བསྐྲུན་པར་མ་ཟད། བོད་ལུགས་གསོ་རིག་སློབ་ཆེན་དང་ཧྥན་ཁང་བོད་སྨན་ཁང་གི་སྨན་པ་དང་ཆེད་མཁས་པ་གདན་འདྲེན་ཞུས་ནས། “ཀྲི་པུའུ་སྟོང་དང་ཏང་ཡོན་ཁྲི”སྡེ་ཁུལ་དུ་ཞབས་འདེགས་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་བརྒྱུད་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་རྣམས་ལ་རིན་མེད་བདེ་ཐང་བློ་འདྲི་དང་། རིན་མེད་སྨན་བཅོས་ཀྱི་ཞབས་འདེགས་ཞུས་ཏེ། རྒན་རྒོན་སྨན་བཅོས་བྱེད་པའི“གེགས་མེད་བགྲོད་ལམ”བཏོད་ཡོད།
བོད་སྨན་ཁང་དུ་སླེབས་སྐབས་གསར་འགོད་པས་རྐུབ་སྟེགས་གྲལ་སྟར་བསྒྲིགས་པ་ལས་གཞན་ད་དུང་སྨན་པའི་རྩ་བརྟག་སའི་སྟེགས་བུ་དང་། ནད་པ་སྨན་བཅོས་བྱེད་སའི་ཉལ་ཁྲི། ད་དུང་བོད་སྨན་སྒམ་བསྒྲིགས་ཡོད་པ་མཐོང་བྱུང་། བསྟན་འཛིན་ངག་དབང་གིས་གྲྭ་བཞི་གྲོང་གསར་སྡེ་ཁུལ་དུ་བཙུགས་པའི་བོད་སྨན་ཁང་དང་ཧྥན་ཁང་བོད་སྨན་ཁང་མཉམ་ལས་བྱས་ཏེ། སྨན་ཁང་གི་ཆེད་མཁས་པས་ཉིན་ལྟར་རིན་མེད་ངང་སྨན་བཅོས་བྱེད་ཀྱི་ཡོད་པ་མ་ཟད། ནད་པས་སྨན་བཅོས་འགན་བཅོལ་བྱང་བུ་ཡང་སྤྱོད་ཆོག་ཅེས་གསུངས།
“ན་ནིང་ངའི་ཆུང་མར་གྲིབ་ནད་ཕོག་ནས་ངོ་གདོང་ཡོ་བ་དང་། སྨན་ཁང་མང་པོ་ཞིག་ཏུ་སོང་ཡང་སྨན་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་དེ་ཙམ་ཐོན་མ་བྱུང”ཞེས་གྲོང་མི་ཚེ་རིང་གིས་ཧྥན་ཁང་བོད་སྨན་ཁང་གི་སྨན་པ་བསོད་ནམས་ཚེ་རིང་ལགས་སྨན་བཅོས་ལ་མཁས་པོ་ཡོད་པ་གོ་ཐོས་བྱུང་བས། ཁོང་གིས་ཆུང་མ་ཁྲིད་ནས་སྨན་པ་བསྟེན་དུ་ཡོང་བ་ཡིན་ཞེས་བཤད། དུས་ཡུན་ངེས་ཅན་རིང་གི་སྨན་བཅོས་དང་སྨན་རྫས་ལ་བརྟེན་ནས་སྨན་བཅོས་བྱས་པ་བརྒྱུད། ཚེ་རིང་གི་ཆུང་མའི་ངོ་གདོང་ཡོ་བ་བཅོས་ཐུབ་པ་བྱུང་བས། ངས་སྨན་པ་བསོད་ནམས་ཚེ་རིང་ལགས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
སྨན་པ་བསོད་ནམས་ཚེ་རིང་ནི་སྔོན་ཆད་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་བོད་སྨན་ཁང་གི་ཡོན་ཀྲང་ཡིན་པ་དང་། ལས་འཁྱུར་ངལ་གསོ་བྱས་རྗེས་ལྷ་སར་ཕེབས་པ་རེད། ཁོང་ལས་འཁྱུར་ངལ་གསོ་བྱས་ཡོད་མོད། འོན་ཀྱང་ནད་པ་མང་པོས་ཁོང་གི་ཁྱིམ་བཙལ་ནས་སྨན་པ་བསྟེན་དུ་ཡོང་གི་ཡོད། གནས་ཚུལ་དེ་རིགས་ལ་དམིགས་ནས། སྨན་པ་བསོད་ནམས་ཚེ་རིང་གིས་ཁྱིམ་མིའི་གྲོས་འགོ་འོག་གྲྭ་བཞི་གྲོང་གསར་དུ་སྨན་བཅོས་ཁང་ཞིག་བཙུགས་པ་དང་། རྗེས་སུ་ཧྥན་ཁང་བོད་སྨན་ཁང་ཞེས་མིང་བཏགས།
“ངས་ཉིན་ལྟར་སྔ་དྲོ་སྨན་བཅོས་ཁང་དུ་སོང་ནས་སྨན་བཅོས་བྱེད་དུས་སུ། སྨན་བཅོས་བྱེད་དུ་ཡོང་བའི་ནད་པ་ཧ་ཅང་མང་པོ་ཡོད། ཕྱི་དྲོར་ཡོང་མཁན་ཧ་ཅང་ཉུང་ཉུང་ཡིན་པས། ང་སྨན་ཁང་དུ་ལོག་ནས་སྨན་བཅོས་བྱེད་ཀྱི་ཡོད”ཅེས་སྨན་པ་བསོད་ནམས་ཚེ་རིང་གིས་རྒྱ་ཆེའི་མང་ཚོགས་ལ་བདེ་ཐང་གི་འདུ་ཤེས་མཐོ་རུ་གཏོང་དགོས་པ་དང་། ལུས་ཁམས་བདེ་ཐང་ལ་སྔོན་འགོག་གཙོ་བོར་བྱེད་དགོས་པ་དང་། རང་ཉིད་ཀྱི་བདེ་སྲུང་གི་འདུ་ཤེས་རྒྱ་ཆེ་རུ་གཏོང་དགོས་པ་དང་། བདེ་ཐང་སྲུང་སྐྱོང་དང་ནད་རིགས་སྔོན་འགོག་ཨང་དང་པོར་འཇོག་དགོས་པ་ལས། ནད་ཕོག་རག་བར་དུ་སྒུག་མི་རུང་ཞེས་བཤད།
སྨན་པ་བསོད་ནམས་ཚེ་རིང་གིས་ཁོང་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གི་བོད་སྨན་ཁྱིམ་ཚང་ཨོ་ཡོ་ཚང་གི་བོད་སྨན་རབས་དྲུག་པའི་རྒྱུད་འཛིན་པ་ཞིག་ཡིན་ཞིང་། ཆུང་དུས་ནས་བོད་སྨན་གྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སློབ་སྦྱོང་ལེགས་པོ་བྱས་ཡོད། ལས་འཁྱུར་ངལ་གསོ་མ་བྱས་སྔོན་དུ། ཁོང་གིས་སྨན་ཁང་དུ་ལོ36རིང་ལ་ལས་ཀ་བྱས་ཤིང་། སྨན་བཅོས་དང་ཁྲག་གཏར་ཐབས་སོགས་ནད་ཐོག་ལག་ལེན་གྱི་ཤེས་བྱ་ཕུན་སུམ་ཚོགས་པོ་བསགས་ཡོད། ཁོང་གིས“མིག་སྔར་ངས་སྟག་རྩེ་ཆུས་སུ་བོད་སྨན་བཟོ་གྲྭ་ཞིག་བཙུགས་ཡོད། ནད་པར་སྨན་བཅོས་བྱས་ནས་མི་སྐྱོབ་པ་ནི་ངའི་བྱ་གཞག་ཡིན་ལ་མི་ཚེ་གང་བོའི་དོན་གཉེར་ཞིག་ཀྱང་ཡིན། སྐབས་འགར་དབུལ་ཕོངས་མང་ཚོགས་ས་ནས་སྨན་རིན་བསྡུ་གི་མེད”ཅེས་བཤད།
སྡེ་ཁུལ་གྱི་མང་ཚོགས་སྨན་བཅོས་བྱེད་པར་ཡོང་བ་ཕུད། ད་དུང་པེ་ཅིང་དང་ཝུའུ་ཧན་སོགས་ནས་ཡོང་བའི་ནད་པ་མང་པོ་ཞིག་གིས་སྨན་པ་བསོད་ནམས་ཚེ་རིང་བཙལ་ནས་སྨན་བཅོས་བྱེད་བཞིན་ཡོད། བསྟན་འཛིན་ངག་དབང་གིས་བཤད་རྒྱུར། བོད་སྨན་ཁང་གི་འཁྲིས་སུ་ཧྥན་ཁང་བོད་སྨན་ཁང་ཡིན། གལ་ཏེ་ནད་པ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱ་དགོས་ཚེ་ཐད་ཀར་འགྲམ་གྱི་སྨན་ཁང་དུ་བསྐྱོད་ནས་སྨན་བཅོས་བྱས་ཆོག་པས། ཧ་ཅང་སྟབས་བདེ་པོ་ཡོད། སྡེ་ཁུལ་དུ་རྒན་རྒོན་ལ་ལ་ཞིག་འགྲོ་འདུག་སྟབས་མི་བདེ་བ་དང་རྒན་རྒོན་ཁ་ཤས་ཀྱི་བུ་ཕྲུག་འཁྲིས་སུ་མེད་པས། གཟུགས་པོ་མི་བདེ་བ་ཡོད་ཚེ་ཐད་ཀར་སྡེ་ཁུལ་དུ་སྨན་བཅོས་བྱེད་པར་སྐྱོད་ཆོག
བོད་ཀྱི་ལོ་གསར་རིང་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱིས“རྒན་གཞོན་ལྷན་འཛོམས་ཀྱི་བདེ་སྐྱིད་ཟ་ཁང”(ཇ་མངར་མོ)དང་བོད་ལུགས་གསོ་རིག་སློབ་ཆེན་གྱིས་རྒན་རྒོན་ཁེར་འདུག་དང་། དབང་པོ་སྐྱོན་ཅན། དབུལ་ཕོངས་ཉམས་ཞན་ཚོགས་སྤྱི་བཅས་ལ་འཚམས་འདྲིའི་དངུལ་སྤྲོད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་སྦྱིན་ནས་སྡེ་ཁུལ་གྱི་མཐུན་སྒྲིལ་སྔར་བས་ཆེ་རུ་ཕྱིན་ཡོད།
བསྟན་འཛིན་ངག་དབང་གིས་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱིས་མུ་མཐུད་དུ“རྒན་རྒོན་ལ་སྲི་ཞུ་སྒྲུབ་པ”དམིགས་ཡུལ་དུ་བཟུང་ནས། ཞབས་འདེགས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་དང་། རྒན་གསོའི་ཞབས་འདེགས་ཀྱི་རྨང་གཞིའི་སྒྲིག་བཀོད་དྲ་བ་ཅན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཞབས་འདེགས་མཁོ་སྤྲོད་ལེགས་སུ་གཏོང་བ། རྒན་རྒོན་ལ་ཕྱོགས་ཡོངས་དང་རིམ་པ་མང་བའི་ཞབས་འདེགས་འགན་སྲུང་བྱེད་པར་འབད་བརྩོན་དང་། ཞབས་འདེགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། རྒན་རྒོན་དང་ཉམས་ཞན་ཚོགས་སྤྱིར་དེ་བས་སྟབས་བདེ་དང་དྲོ་སྐྱིད་ཀྱི་འཚོ་བའི་ཁོར་ཡུག་བསྐྲུན་ནས་འཆམ་མཐུན་སྡེ་ཁུལ་སྐྲུན་པར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གསུངས།