ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ད་ལོར་བོད་ལྗོངས་སུ་ལས་བསྡུའི་འདུ་ཚོགས་ཐེངས406ཡན་འཚོག་རྒྱུ་ཡིན་པ།

སྤེལ་དུས 2025-03-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

ལས་བསྡུའི་འདུ་ཚོགས་ཀྱི་ཡུལ་དངོས། 

        ཟླ3པའི་ཚེས13ཉིན། ལྷ་ས་གྲོང་ཁྱེར་གྱི2025ལོའི་དཔྱིད་རླུང་བྱ་སྤྱོད་ཀྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་ནི་ལྷ་ས་རུ་འཚོགས། གསར་འགོད་པས་ལས་བསྡུའི་འདུ་ཚོགས་ཀྱི་ཡུལ་དངོས་ནས་ད་ལོར་ཁེ་ལས་སོ་སོའི་ལས་མིའི་དགོས་མཁོ་སྔར་ལས་ཆེ་རུ་ཕྱིན་པ་དང་། ཆེད་ལས་ལག་རྩལ་ཤེས་ལྡན་པ་ལ་སྔར་བཞིན་མི་སྤྱོད་སྡེ་ཁག་གྱིས་དགའ་མོས་བྱེད་ཀྱིན་ཡོད་པར་མ་ཟད། ཁེ་ལས་མི་ཉུང་བ་ཞིག་གིས་ཕན་བདེའི་ཐོབ་ཐང་བཟང་པོ་མཁོ་སྤྲོད་བྱས་ནས་ཤེས་ལྡན་པའི་ཡིད་དབང་འགུག་བཞིན་ཡོད་པ་མཐོང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2025ལོར་བོད་ལྗོངས་ཡོངས་ཀྱི་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་སྣེ་ཁྲིད་དེ་འཆར་གཞི་ལྡན་པའི་སྒོ་ནས་ལས་བསྡུའི་འདུ་ཚོགས་ཁག406ཡན་འཚོག་རྒྱུ་ཡིན་ཞིང་། དེའི་དམིགས་ཡུལ་ནི་ལས་ཞུགས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ལས་ཞུགས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ། ལས་འཚོལ་མཁན་རིགས་ཁག་བདེ་བླག་ངང་བློ་ཡིད་ཚིམ་པའི་ལས་གནས་འཚོལ་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་རེད།

      གསར་འགོད་པས་ཡུལ་དངོས་ནས་ཁེ་ལས་མང་པོའི་གདན་ཞུའི་འགྲེམས་གནས་སུ་ལས་འཚོལ་མཁན་གྱིས་ཁེངས་ཡོད་པ་མཐོང་བྱུང་། ཁོང་ཚོས་གདན་ཞུའི་ཡིག་ཆ་ཞིབ་ཕྲ་ཀློག་པའམ་ཁེ་ལས་ཀྱི་མི་ཤུགས་ཆེད་ལས་པ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ། རང་ཉིད་དང་འཚམ་པའི་ལས་བྱེད་གོ་སྐབས་ཧུར་ཐག་གིས་འཚོལ་གྱི་ཡོད། ལས་སྤྱོད་ཁེ་ལས་ནི་ཁྱབ་རྒྱ་ཆེ་བར་མ་ཟད། དམིགས་སའི་རང་བཞིན་ཡང་ཆེན་པོ་ལྡན། རྒྱ་ཆེའི་ལས་འཚོལ་མཁན་དང་མི་སྤྱོད་སྡེ་ཁག་དབར་སྤྱོད་གོ་ཆེ་ལ་སྟབས་བདེ་བའི་སྟེགས་བུ་ཞིག་བསྐྲུན་ཡོད་པ་རེད།

      གདན་ཞུའི་འཆར་གཞི་ལག་ལེན་ནུས་ལྡན་བསྟར་ཆེད། བོད་ལྗོངས་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཁྱོན་ཡོངས་ནས་གྲ་སྒྲིག་ལས་དོན་སྤེལ་ཡོད། ཁོང་ཚོས་གདན་ཞུའི་ཆ་འཕྲིན་ཧུར་ཐག་གིས་བསྡུ་རུབ་བྱས་ནས་གདན་ཞུའི་ཚོགས་འདུར་ལས་ཞུགས་ལས་གནས་འདང་ངེས་མཁོ་འདོན་བྱ་རྒྱུར་འགན་ལེན་བྱས་པར་མ་ཟད། ད་དུང་ཐབས་ལམ་སྣ་ཚོགས་བརྒྱུད་ནས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་བྱེད་སྒོ་ཤེས་རྟོགས་བྱེད་ཚད་དང་ཞུགས་ཚད་མཐོ་རུ་བཏང་། དེ་དང་ཆབས་ཅིག ལས་ཤོར་མི་སྣ་དང་། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི། དབང་པོ་སྐྱོན་ཅན་སོགས་ལས་ཞུགས་ཚོགས་སྤྱི་གཙོ་གནད་ལ་དམིགས་ནས་རིམ་པ་ཁག་གི་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ད་དུང་གནད་ལ་འཁེལ་བའི་སྐུལ་འདེད་ཞབས་འདེགས་ཞུས་ནས་ཁོང་ཚོར་དེ་བས་སྙིང་ཉེ་དང་ཕན་ནུས་ཆེ་བའི་ལས་ཞུགས་ཀྱི་ཞབས་འདེགས་ལོངས་སུ་སྤྱོད་ཐུབ་པར་འགན་ལེན་བྱ་རྒྱུ་ཡིན་པ་རེད།

      གླེང་རིན་ཡོད་པ་ཞིག་ལ། ད་ལོའི་གདན་ཞུའི་འཆར་གཞིས་ད་དུང་གསར་གཏོད་དང་ཞབས་ཞུའི་སྤུས་ཚད་ལ་མཐོང་ཆེན་བྱེད་ཀྱི་ཡོད། རིམ་པ་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ས་གནས་དེ་གའི་ཐོན་ལས་ཀྱི་ཁྱད་ཆོས་དང་མི་སྤྱོད་མཁན་སྡེ་ཁག་གི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ལས་རིགས་དང་ཚོགས་པ་དབྱེ་ནས་ལམ་སྲོལ་རང་བཞིན་གྱི་གདན་ཞུའི་ཚོགས་འདུ་སྒྲིག་འཛུགས་བྱ་རྒྱུ་ཡིན། གཞན་ཡང་ད་དུང་དྲ་ཐོག་དང་དྲ་ཕྱི་གཉིས་ཟུང་འབྲེལ་གྱི་བྱེད་སྟངས་གང་ལེགས་སྤྱད་དེ་ལས་ཞུགས་ལས་གཏོད་ལ་མཛུབ་ཁྲིད་དང་། མི་ཤུགས་དང་སྤྱི་ཚོགས་ཀྱི་སྲིད་ཇུས་བློ་འདྲི། རྩལ་ནུས་གསོ་སྦྱོང་མིང་ཐོ། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སོགས་ཞབས་འདེགས་ཀྱི་ཆེད་ཁུལ་མང་པོ་ཚུད་པའི་གཅིག་འཐུས་རྣམ་པའི་ལས་ཞུགས་ཀྱི་ཞབས་འདེགས་མཁོ་འདོན་བྱས་ནས་ཕྱོགས་ཡོངས་ནས་ཕྱོགས་ཁག་དག་གི་དགོས་མཁོ་སྐོང་རྒྱུ་ཡིན།

      གདན་ཞུའི་འཆར་གཞི་ཞིབ་ཕྲ་ལག་བསྟར་བྱེད་རིང་། རིམ་པ་ཁག་གི་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ད་དུང་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་མཉམ་ཤུགས་ཆགས་པ་བྱ་རྒྱུ་ཡིན། ཁོང་ཚོས་སློབ་གསོ་དང་། བཟོ་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་དང་མཉམ་ལས་དམ་ཟབ་བྱས་ཏེ། ལས་ཞུགས་དང་ལས་གཏོད་ལས་དོན་སྤེལ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག ད་དུང་ཁྲོམ་ར་ཅན་གྱི་ལམ་སྲོལ་ཧུར་ཐག་གིས་ནང་འདྲེན་བྱས་ནས་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་སྒྲིག་གཞི་སྣ་ཚོགས་ནི་གདན་ཞུའི་བྱེད་སྒོ་ནང་དུ་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱས་ཏེ་ལས་ཞུགས་ཞབས་ཞུའི་ཆེད་ལས་ཅན་དང་ཁྲོམ་ར་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

      རྒྱ་ཆེའི་ལས་འཚོལ་མཁན་གྱི་ངོས་ནས་བརྗོད་ན། དེ་ནི་ཐོབ་དཀའ་བའི་གོ་སྐབས་ཤིག་ཡིན་པ་སྨོས་ཅི་དགོས། ལས་བསྡུའི་འདུ་ཚོགས་འདི་བརྒྱུད་ནས་རང་ཉིད་ཀྱི་དགའ་ཞེན་བྱེད་པའི་མི་སྤྱོད་ལས་ཁུངས་དང་ངོ་ཐུག་ནས་སྤེལ་རེས་བྱེད་ཆོག་པར་མ་ཟད། ལས་གནས་ཀྱི་དགོས་མཁོ་དང་གླ་ཕོགས་ཐོབ་ཐང་སོགས་ཀྱང་ཞིབ་ཕྲ་ངང་རྒྱུས་ལོན་བྱེད་ཆོག དེ་དང་ཆབས་ཅིག ད་དུང་ཡུལ་དངོས་ནས་ཆེད་ལས་ཀྱི་ལས་ཞུགས་ལས་གཏོད་ཀྱི་མཛུབ་ཁྲིད་དང་སྲིད་ཇུས་བློ་འདྲིའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས་ཏེ། ཁོང་ཚོས་ལས་རིགས་ཀྱི་འཚོ་བ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཆར་འགོད་དེ་བས་ལེགས་པའི་སྒོ་ནས་བྱེད་རོགས་བྱེད་ཐུབ། རྒྱུས་ལོན་བྱུང་པ་ལྟར་ན། གདན་ཞུའི་ཚོགས་འདུའི་ཆ་འཕྲིན་ནི་བོད་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་ར་དང་། བོད་ལྗོངས་ལས་ཞུགས་ལས་གཏོད། ས་གནས་ཁག་དང་གྲོང་ཁྱེར་གྱི་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་སོགས་ཀྱི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་ནས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས་རྒྱ་ཆེའི་ལས་འཚོལ་མཁན་གྱིས་དུས་ཐོག་ཏུ་འབྲེལ་ཡོད་ཆ་འཕྲིན་ཤེས་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།