ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱིས་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱས་པ།

སྤེལ་དུས 2025-03-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

     ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གསར་འགོད་པས་ཟླ3པའི་ཚེས13ཉིན་འཚོགས་པའི2025ལོའི་བོད་རང་སྐྱོང་ལྗོངས་ཀྱི“3·15རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་བོད་ལྗོངས་ཡོངས་ཀྱི12315ལས་སྟེགས་ཀྱིས་འཛད་སྤྱོད་པའི་ཞུ་གཏུག་དང་ཐེར་འདོན་ཁྲི2.17བདག་སྤྲོད་བྱས་པ་དང་། གྱོད་གཞི291ཐོ་འགོད་བྱས་པ། དངུལ་ཆད་དང་གཞུང་བཞེས་སྒོར་ཁྲི14.62བཏང་བ་བཅས་བྱས་ནས་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི1796.86མི་ཕོག་པར་བྱས་པ་རེད།

ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས། 

     ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བཟའ་བཅའི་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས། 2024ལོར་བཟའ་བཅའི་འཐེན་བཤེར་ལས་འགན་ཁག་ཐེངས15572ལེགས་སྒྲུབ་བྱས་པ་དང་མི་སྟོང་རེར་ཁག་ཐེངས4རེ་ཐོག་མར་ཚད་བརྒལ་བྱུང་བ་དང་། བཟའ་བཅའི་བདེ་འཇགས་ཀྱི་གདེང་འཇོག་རང་བཞིན་གྱི་འཐེན་བཤེར་ཚད་ལོན་ཚད99%ཡན་རྒྱུན་འཁྱོངས་ཐུབ་དགོས། བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། རང་སྐྱོང་ལྗོངས་རིམ་པའི་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་དང་འཐེན་བཤེར་ཁག་ཐེངས3010དང་ཉེན་ཁའི་ལྟ་ཞིབ་ཚད་ལེན་ཁག་ཐེངས110སྤེལ་བ་དང་། ཚད་གཞི་དང་མི་མཐུན་པའི་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་གི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་པ། ཚད་གཞི་དང་མི་མཐུན་པའི་ཐོན་རྫས་ཁག་ཐེངས547ཚོང་སྒྲོམ་ནས་ཕབ་པ། བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ140བཏང་བ། གྱོད་གཞི121ལ་ཐོ་འགོད་བྱས་པ་དང་། དངུལ་ཆད་དང་གཞུང་བཞེས་སྒོར་ཁྲི40.81བཏང་བ་བཅས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲོམ་ར་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ཡོད།  

     འདས་པའི་ལོ་ངོ་གཅིག་གི་ནང་དུ། བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་དྲ་ཐོག་རྩོད་གཞི་འདུམ་འགྲིག(ODR)ལམ་སྲོལ་འཛུགས་སྐྱོང་བྱས་ནས། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཁེ་ལས་སུODRལམ་སྲོལ་ནང་འདྲེན་བྱས་ཏེ། བོད་ལྗོངས་ཡོངས་ཀྱིODRཁེ་ལས218བར་མང་དུ་བཏང་ཡོད། འཛད་སྤྱོད་ཞུ་གཏུག་ཆ་འཕྲིན་ཁྲི1.39ཁྲིམས་ལྟར་ཡོངས་བསྒྲགས་བྱས་ནས། མང་ཚོགས་ཀྱིས་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལས་དོན་ལ་ཤེས་རྟོགས་ཐུབ་ཚད་དང་བློ་ཡིད་ཚིམ་ཚད་ཆེ་རུ་བཏང་སྟེ། འཛད་སྤྱོད་ཞུ་གཏུག་འབྱུང་ཁུངས་ཉུང་དུ་གཏོང་བར་སྐུལ་འདེད་བཏང་ཡོད། བོད་རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་མཉམ་སྡེབ་གཏུག་བཤེར་གྱོད་གཞིའི་འཐབ་འཛིང་དང་པོར་རྒྱལ་ཁ་ཐོབ་པར་རྒྱབ་སྐྱོར་བྱས་ནས། འཛད་སྤྱོད་པ14ལ་ཁྲིམས་འཛིན་གྱི་ཐབས་ལམ་བརྒྱུད་ནས་དཔལ་འབྱོར་གྱི་གྱོང་གུན་མི་ཕོག་པ་བྱ་རྒྱུར་རོགས་རམ་བྱས་ཏེ་འཛད་སྤྱོད་གཏུག་བཤེར་སྣ་མང་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད།  

     དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞི་ཞིབ་གཅོད་བྱེད་ཤུགས་ཆེ་རུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞི་ཞིབ་གཅོད་ལས་དོན་གཏིང་ཟབ་སྤེལ་ནས། རིམ་རྩིས་བྱས་ན་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་ཁག1867ཞིབ་གཅོད་བྱས་པ་དང་། གྱོད་གཞིའི་རིན་ཐང་སྒོར་ཁྲི925.91ཟིན་པ། དངུལ་ཆད་དང་གཞུང་བཞེས་སྒོར་ཁྲི1499.73བཏང་བ། སྲིད་ཁྲིམས་ཉེས་ཁྲིམས་གྱོད་གཞིའི་ཁུངས་སྣེ12རྩིས་སྤྲོད་བཅས་བྱས་ཡོད། དཔེ་མཚོན་གྱི་གྱོད་དཔེ་ཁྱབ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2024ལོར་བོད་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྱོན་དཔེ་མཚོན་གྱོད་གཞི་ཁག19དང་གྱོད་གཞི94ཁྱབ་བསྒྲགས་བྱས་ནས། རྒྱ་ཆེའི་འཛད་སྤྱོད་པ་དང་གཉེར་སྐྱོང་བྱེད་པོའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད།  

     གཞན་ཡང་། 2024ལོར་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས“བློ་བདེའི་འཛད་སྤྱོད་ཀྱི་ཁས་ལེན་ཚན་པ”དང་དྲ་གཤམ་དངོས་གཞིའི་ཚོང་ཁང་གི“ཉིན་བདུན་རིང་རྒྱུ་མཚན་མེད་པར་ཚོང་ཟོག་ཕྱིར་སློག་རྒྱུའི”ཁས་ལེན་ཚོང་པ་ཁག་གཅིག་བཙུགས་ཡོད་ཅིང་། ཁྲོམ་ར་ལྟ་འདོམས་ཁྱབ་ཁོངས་ཀྱི་བསམ་ངན་ཞུ་གཏུག་ཐེར་འདོན་བྱ་སྤྱོད་ལ་དམིགས་ནས། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་། བོད་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་བཅས་དང་མཉམ་དུ་ཁྲིམས་ལྟར་ཚད་ལྡན་ཐག་གཅོད་བྱེད་པའི་མཛུབ་ཁྲིད་བསམ་འཆར་བཏོན་ཏེ། གཞུང་དྲང་ཡིད་རྟོན་གྱི་ཁྲོམ་རའི་ཁོར་ཡུག་དང་བདེ་འཇགས་བློ་བདེའི་འཛད་སྤྱོད་ཁོར་ཡུག་ཅིག་བསྐྲུན་ཡོད།