ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ང་ཕོད་གྲོང་གསར་གྱི་འཕོ་འགྱུར་གསར་པ།

སྤེལ་དུས 2025-03-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

      ཉིང་ཁྲི་གྲོང་ཁྱེར་འཇོ་མདའ་རྫོང་ནས་ཐོན་ཏེ་རྒྱལ་ལམ318བརྒྱུད་ནས་སོང་ཚེ། ང་ཚོ་ང་ཕོད་གྲོང་ཚོ་གསར་པར་སླེབས་བྱུང་། སྐབས་དེར་ཉིན་གུང་དུ་སླེབས་ལ་ཉེ་ཞིང་། བོད་ཀྱི་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་འཁྲབ་སྟོན་གྱི་ལྟེ་གནས་སུ། རྒན་རྒོན་མང་པོ་མཉམ་གཅིག་ཏུ་འདུས་ནས་གཏམ་གླེང་བྱེད་པའམ། ཡང་ན་བག་ཕེབས་ཀྱིས་ངང་ནས་ཉི་མ་སྲོ་བཞིན་ཇ་བཏུངས་ནས་བསྡད་ཡོད། ཁོ་ཚོ་ནི་ང་ཕོད་གྲོང་ཚོ་འཕེལ་རྒྱས་འགྱུར་ལྡོག་དངོས་སུ་མྱོང་མཁན་དང་བདེན་དཔང་བྱེད་མཁན་ཡིན།

      2001ལོར། ང་ཕོད་གྲོང་ཚོ་རང་བྱུང་གནོད་འཚེའི་དབང་གིས་གྲོང་ཚོ་ཧྲིལ་པོ་གནས་སྤོ་དགོས་པ་བྱུང་། ཕྱོགས་ཁག་གི་རོགས་རམ་འོག ང་ཕོད་གྲོང་གསར་གསར་འཛུགས་བྱས་པ་དང་འབྲེལ་མགྱོགས་མྱུར་ངང་སླར་གསོ་དང་འཕེལ་རྒྱས་བཏང་ནས་སྐད་གྲགས་ཆོད་པའི་དམངས་སྲོལ་རིག་གནས་གྲོང་ཚོར་གྱུར་ཡོད། ང་ཚོས་རྒན་རྒོན་ཚོར་ད་ཆའི་འཚོ་བའི་སྐོར་འདྲི་སྐབས། ཁོ་ཚོས་གདོང་ལ་འཕྱུར་བའི་དགའ་སྤྲོའི་འཛུམ་མདངས་ཀྱིས་ང་ཚོ་ལ་གཏམ་ལན་ལེགས་པོ་གནང་བྱུང་།

      ང་ཚོ་ཆུང་དུས་སློབ་གྲྭར་འགྲོ་དུས་ཧ་ཅང་སྟབས་བདེ་པོ་མེད། ད་ལྟ་ཁྱིམ་ཚང་ཚང་མར་རླངས་འཁོར་ཡོད་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་ཡོད། ཡུལ་སྐོར་བ་ཡང་མང་པོ་ཡོང་གི་ཡོད། གྲོང་མི་ཕལ་ཆེ་བའི་སྒོ་འགྲམ་ནས་ལས་ཞུགས་བྱེད་ཐུབ། ང་ཚོའི་གྲོང་ཚོ་ལ་ཐུན་མོང་དཔལ་འབྱོར་གསུམ་ཡོད་པ་སྟེ། དེ་ནི་དམངས་སྲོལ་འཁྲབ་སྟོན་ལྟེ་གནས་དང་། ཆུ་ཚན་མགྲོན་ཁང་། དྲོད་ཁང་བཅས་ཡིན་ཞིང་། འཁྲབ་སྟོན་ལྟེ་གནས་ཀྱི་ཇ་ཁང་ལ་མཚོན་ན། 2012ལོའི་ཟླ8པར་བསྐྲུན་པ་དང་། 2024ལོར་རིམ་སྤོར་བསྒྱུར་བཀོད་བྱས་པ་རེད། དེའི་ནང་མི300ལྷག་ཙམ་ཤོང་ཐུབ་ཀྱི་ཡོད། ཡུལ་སྐོར་བ་ཚོས་འདི་ནས་ཁྱད་ཆོས་ལྡན་པའི་བོད་ཟས་ཀྱི་བྲོ་བ་མྱོང་ཐུབ་ཞིང་། དེ་མིན་གཞན་ད་དུང་གཉེན་སྟོན་དང་རིག་རྩལ་འཁྲབ་སྟོན་གྱི་ལས་ཀའང་དང་ལེན་བྱེད་ཀྱི་ཡོད། འདི་གའི་མ་བྱན་ཚང་མ་ང་ཚོའི་གྲོང་མི་ཡིན། 2024ལོར་འདིར་ལས་ཀ་བྱེད་མཁན་དུད་ཚང34ཡོད། མི་རེར་ཁེ་སྤོགས་སྒོར་ཁྲི2ལྷག་ཙམ་བགོས་ཡོད། བཟའ་བཏུང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་ཆེད། གྲོང་མི་སྒྲིག་འཛུགས་བྱས་ནས་ཇ་མའི་ལག་རྩལ་གྱི་གསོ་སྦྱོང་ནང་དུ་ཞུགས་སུ་བཅུག ད་ལྟ་མཐའ་འཁོར་དུ་ཕ་མ་དང་བུ་ཕྲུག་གི་སྤྲོ་སྐྱིད་ཁང་ཞིག་ཀྱང་འཛུགས་པའི་འཆར་འགོད་ཡོད།

ཆོས་འཕེལ། ཀོང་པོ་འཇོ་མདའ་རྫོང་འཇོ་མདའ་གྲོང་རྡལ་ང་ཕོད་གྲོང་གསར་གྱི་ཏང་ཀྲི་ཧྲུའུ་ཅི་གཞོན་པ་དང་གྲོང་ཚོའི་ཀྲུའུ་རེན། 

      ང་ད་ལོ་ལོ91ཡིན། ལོ་ཆེ་རུ་ཕྱིན་པས་དུས་རྒྱུན་དུ་ལས་ཀ་གང་ཡང་བྱེད་ཐུབ་ཀྱི་མི་འདུག རྒྱུན་དུ་འདིར་ཡོང་ནས་ཇ་འཐུང་གིན་གཏམ་གླེང་བྱེད་པ་དང་། ད་ལྟ་ཁྱིམ་གྱི་ཆ་རྐྱེན་ཧ་ཅང་ཡག་པོ་འདུག ཕྲུ་གུ་ཚོར་སེམས་ཁྲལ་བྱེད་དགོས་པ་གང་ཡང་མེད། འཚོ་བ་ཧ་ཅང་སྐྱིད་པོ་ཡོད་ལ་སེམས་ཀྱང་སྐྱིད་པོ་འདུག

ཆོས་མཚོ་མོ། ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་གྲོང་རྡལ་ང་ཕོད་གྲོང་གསར་གྱི་གྲོང་མི།   

      ང་དང་གྲོང་ཚོའི་མི་གསུམ་བཞི་ཡིས་ཆུ་ཚན་དོ་དམ་བྱེད་པའི་འགན་འཁུར་གྱི་ཡོད། གཙང་སྦྲ་བྱེད་པ་དང་། ཆུ་བརྗེ་བ། དུག་སེལ་སོགས་བྱེད་ཀྱི་ཡོད། ཉིན་རེར་ཉུང་མཐར་ཡང་མི་དྲུག་ཅུ་བདུན་ཅུ་འདིར་ཆུ་ཚན་རྒྱག་པར་ཡོང་གི་ཡོད། ཕལ་ཆེར་ཡོང་འབབ་སྒོར་གཉིས་སྟོང་གསུམ་སྟོང་ཡོད། གཟའ་སྤེན་པ་དང་གཟའ་ཉི་མར་དེ་ལས་མང་བ་ཡོད། དུས་ཚོད་ཡོད་དུས་ཁྱིམ་དུ་ཞིང་འདེབས་པ་སོགས་བྱེད་ཀྱི་ཡོད། དུས་རྒྱུན་ཡང་དེབ་ཆ་ལྟ་བ་དང་ཡིག་གཟུགས་འབྲི་རྒྱུར་དགའ་པོ་ཡོད་པས་འཚོ་བ་ཧ་ཅང་ཕུན་སུམ་ཚོགས་པ་འདུག

ཟླ་བ་ཚེ་རིང་། ཀོང་པོ་འཇོ་མདའ་རྫོང་ཀོང་པོ་འཇོ་མདའ་གྲོང་རྡལ་ང་ཕོད་གྲོང་གསར་གྱི་ཆུ་ཚན་གྱི་འགན་འཁུར་བ། 

      འདིར་དྲོད་ཁང་ལ་དོ་དམ་བྱས་ནས་ལོ་ཕྱེད་འགོར་སོང་། དྲོད་ཁང་ནང་དུ་གཙོ་བོ་ལན་མེ་དང་། འབྲི་ཏ་ས་འཛིན། ཁྲེ་ལི་ཙི་སོགས་བཏབས་ཡོད། ན་ནིང་འབྲས་བུ་ཡག་པོ་འདུག མངགས་ཐོ་ཡང་མི་ཉུང་བ་ཞིག་བྱུང་། མཐའ་འཁོར་གྱི་མང་ཚོགས་ཀྱང་དེ་གར་ཡོང་ནས་འཐུ་བ་ཡིན། དྲོད་ཁང་ལེགས་པོ་གཉེར་ཐུབ་པ་དང་། ལྗང་མདོག་དང་སྐྱེ་ལྡན་ཐོན་རྫས་དེ་བས་མང་བ་བསྡུ་ཐུབ་པ་ཕུད། ད་དུང་ཕྲུ་གུ་ཚོར་སྐྱེ་དངོས་ལག་ལེན་སློབ་ཁྲིད་བྱེད་པའི་གོ་སྐབས་མཁོ་འདོན་བྱེད་ཐུབ་པའི་རེ་བ་ཡོད།

ཀའོ་ལི་ཕིང་། ཀོང་པོ་འཇོ་མདའ་རྫོང་ཀོང་པོ་འཇོ་མདའ་གྲོང་རྡལ་ང་ཕོད་གྲོང་གསར་གྱི་དྲོད་ཁང་གི་ལས་མི།