(2025ལོའི་ཟླ་3ཚེས་28ཉིན)
བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཀརྨ་ཚེ་བརྟན།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ཚང་མ་སྐུ་ཁམས་བཟང་། དེ་རིང་ང་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཐེངས་17པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ལོ་66གི་གོང་དུ། སྨག་རུམ་མུན་པ་གཏོར་ནས་ཞོགས་པའི་སྐྱ་རེངས་བསུས་པ་དང་། དཔྱིད་ཀྱི་འབྲུག་སྒྲས་གངས་ལྗོངས་ས་མཐོ་རྨོངས་གཉིད་ལས་བསད་པ་བཞིན་དམངས་གཙོའི་བཅོས་སྒྱུར་གྱིས་ཞིང་བྲན་ཁྲི་ཚོ་བརྒྱ་ལོ་ངོ་སྟོང་གི་ལྕགས་སྒྲོག་ལས་བསྒྲལ་ཏེ་མི་ལུས་ལ་རང་དབང་ཐོབ་ནས་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་
ལས་དབང་བཅས་ཀྱི་བདག་པོར་གྱུར་ཡོད། དེ་ནི་བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཕྱིན་པའི་ལོ་རྒྱུས་ཀྱི་དོན་དག་གལ་ཆེན་ཞིག་རེད་ལ། མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལོ་རྒྱུས་ཐོག་གི་མཆོང་སྐྱོད་ཆེན་པོ་ཞིག་དེ་བས་རེད།
ལོ་66གི་གོང་དུ། བོད་ལྗོངས་ཀྱི་མི་འབོར་གྱི་95%བཟུང་བའི་ཞིང་བྲན་དང་བྲན་གཡོག་རྣམས“མངའ་བདག་ཆེན་པོ་གསུམ”གྱིས“སྐད་ཆ་ཤོད་ཤེས་པའི་རྟ་ཟོག་སེམས་ཅན”ལྟ་བུར་བརྩི་གི་ཡོད། ལྷ་སའི་ཁྲོམ་གཞུང་དུ་མི་བརྒྱད་ཀྱི་ནང་སློང་མོ་བ་རེ་ཡོད་པ་དང་། བོད་བྱང་ཐང་དུ“མི་ཁྲལ”འཇལ་མི་ཐུབ་པའི་འབྲོག་པའི་རྐང་ལག་བཅད་དེ་གོག་བགྲོད་བརྒྱབ་ནས་འཚོ་ཐབས་བྱ་རྒྱུ་ལས་མ་འདས། ཞིང་བྲན་གྱིས་མི་རབས་ནས་མི་རབས་བར“འཇལ་ཚར་དུས་མེད་པའི”བུ་ལོན་འཇལ་དགོས་ཤིང་། མངའ་བདག་གི་རྩིས་ཐོའི་ནང་གི་མཛུབ་ཐེལ་གཅིག་གིས་ནང་མི་ཚང་མ་བྲན་གཡོག་བྱེད་དགོས་ཀྱི་ཡོད། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ལས་བོད་མི་དམངས་བྲན་དུ་བཀོལ་བའི་ལོ་ངོ་སྟོང་གི་ཆོས་སྲིད་ཟུང་འབྲེལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཐལ་བའི་རྡུལ་དུ་བརླགས་པས། ཞིང་བྲན་ཁྲི་ཚོ་བརྒྱ་མུན་ནག་དང་གདུག་རྩུབ་ཆེ་བའི་སྤྱི་ཚོགས་རྙིང་པ་ལས་ཐར་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་དུ་སྤོབས་སེམས་ཆེན་པོས་མདུན་དུ་བསྐྱོད་ཡོད། མེས་རྒྱལ་གྱི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་པོའི་ནང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ་དང་། བོད་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་མི་ཡུལ་གསར་རྐྱང་ཞིག་བརྗེས་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་ཡོད། བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1959ལོའི་སྒོར་དུང་ཕྱུར་1.74ནས་2024ལོའི་སྒོར་དུང་ཕྱུར་2764.94བར་འཕར་བ་དང་། ལྗོངས་ཡོངས་ཀྱི་མི་འབོར་1959ལོའི་མི་ཁྲི་122.8ནས་2024ལོའི་མི་ཁྲི་370བར་མང་དུ་ཕྱིན་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་35.5ནས་ལོ་72.5བར་རིང་དུ་ཕྱིན་ཡོད། བོད་གསར་རྙིང་བསྡུར་བ་ལས་རླབས་ཆེན་གྱི་བདེན་དོན་ཞིག་ཁྱབ་བསྒྲགས་བྱས་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་མེད་པ་དེ་རེད། ང་ཚོས་བརྒྱུད་མྱོང་བའི་ལམ་བུ་མ་བརྗེད་པར་མདུན་སྐྱོད་ཀྱི་ལམ་བུར་ཡག་པོ་སྐྱོད་པ་དང་། ཕན་པ་གང་ནས་བྱུང་བ་དང་། བཀའ་དྲིན་སུ་ལ་འཇལ་བ། སེམས་པ་སུའི་རྗེས་སུ་འབྲང་བ་བཅས་ཀྱི་གནས་ལུགས་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་སྟེ། སྐུ་ངོ་མ་གངས་ལྗོངས་ས་མཐོར་ཐེངས་གསུམ་ཕེབས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་ནས། བོད་ལྗོངས་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཀོད་པ། རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འབོར་ཆེན་འཆར་འགོད་ལག་བསྟར་གནང་བ། མི་རིགས་ཁག་གི་མི་དམངས་ལ་ཕན་པ་འདོགས་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་གནང་སྟེ། དུས་ཡུན་རིང་པོའི་ནང་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་ནས། བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་ལྗོངས་ཡོངས་ཀྱི་མི་རིཌ་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིར”དམིཌ་པ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས“འཛུགས་གཏོད་བཞིར”ཤུགས་བརྒྱབ་པས། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས། དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་བྱུང་ཡོད། ད་ཆའི་བོད་དུ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ་དང་། ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ་བཅས་ཀྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་པ། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་12.49ལྷག་ཙམ་ཟིན་པ། དམངས་སྤྱོད་མཁའ་འགྲུལ་གྱི་མ་ལམ་དང་ཡན་ལག་ལམ་འབྲེལ་མཐུད་ཐུབ་པ། ལྕགས་ལམ་ལམ་ཐིག་ཤར་གཏོང་ཐུབ་པ། “གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱའི”ཕྱོགས་བསྡུས་ལངས་གཟུགས་ཀྱི་འགྲིམ་འགྲུལ་དྲ་བ་ཕྱོགས་ཡོངས་ནས་བསྐྲུན་པ། 5Gབརྡ་རྟགས་ས་བབ་མཐོ་ཚད་སྨི་5200ཟིན་པའི་གྲོང་ཚོར་ཁྱབ་པ། རྒྱལ་ཡོངས་ཀྱི་སྔོན་ལ་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་15ཡི་གཞུང་གྲོན་སློབ་གསོའི་མ་ལག་བསྐྲུན་པ། རྒྱང་བསྟེན་སྨན་བཅོས་ཞབས་ཞུ་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་ཚང་མར་ཁྱབ་པ། 2024ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་55444དང་སྒོར་21578སོ་སོར་ཟིན་པ། རླངས་འཁོར་དང་སྦག་སྦག་དང་། ལག་ཐོགས་ཁ་པར་དང་བརྙན་འཕྲིན། འཁྱགས་སྒམ་དང་གོས་འཁྲུད་འཕྲུལ་འཁོར། གློག་མདོང་སོགས་གང་དགོས་ཚང་མ་འཛོམས་ཡོད། སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ་དང་། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐུན་ལ་སྐུལ་འདེད་བརྟན་པོ་བཏང་བ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་རྒྱུན་མཐུད་ལེགས་སུ་ཕྱིན་པ། དཔྱིད་གསར་མཚན་ཚོགས་ཀྱི་ལྷ་སའི་ཡན་ལག་ཚོགས་རས་འཛམ་གླིང་ལ་བོད་ཀྱི་རྣམ་པ་གསར་རྐྱང་དང་ཐུན་མོང་མིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པ་བཅས་ལས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱུང་ཡོད།
ཟླ་1ཚེས་7ཉིན། དིང་རིར་གློ་བུར་དུ་ས་ཡོམ་རིམ་པ་6.8བརྒྱབ་པར་རྒྱལ་ཡོངས་མི་དམངས་ལ་སེམས་ཁྲལ་ཆེན་པོ་བྱུང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དང་། མི་དམངས་བུ་ཕྲུག་དམག་གིས་བཀའ་འབྱོར་འཕྲལ་སྒྲུབ། རྒྱལ་ཡོངས་ས་གནས་ཁག་གིས་འཕྲལ་དུ་བྱ་སྤྱོད་སྤེལ་ནས་རོགས་སྐྱོར་བྱས་ཏེ། ཕན་ཚུན་ལྟ་སྐྱོང་དང་མཉམ་དུ་དཀའ་ངལ་ལས་སྒྲོལ་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མི་སེམས་འགུལ་བའི་ལེའུ་བརྩམས་པ་དང་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེན་པོའི་འགྲན་ཟླ་བྲལ་བའི་དྲོ་སྐྱིད་མངོན་ཡོད།
ཐོག་མའི་བསམ་འདུན་མ་བརྗེད་ཚེ་མི་འགྲུབ་བྱ་བ་ཅི་ཡང་མེད། ང་ཚོས་ངེས་པར་དུ་གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་དགོས་ཤིང་། “གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་བརྩི་བཀུར་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་མངགས་བཅོལ་ཟབ་མོ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་གཞི་རྩའི་ཆབ་སྲིད་ཀྱི་ཐེག་པ་འཁུར་ལེན་ལ་འགྱུར་བར་བྱེད་དགོས། ངེས་པར་དུ་དྲིན་ཚོར་འབད་འཐབ་ཀྱི་ཕུགས་འདུན་འཆང་དགོས་ཤིང་། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། འཕྲལ་དུ་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་འདིང་དགོས། ངེས་པར་དུ་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་ཤིང་། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་བརྟན་པོར་བཙུགས་ནས“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི”གནས་ལུགས་དེ་བས་གསལ་པོར་རྟོགས་པ་དང་དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱས་ཏེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱེད་དགོས། ངེས་པར་དུ་ལག་གདང་སྦྲེལ་ནས་ཕུགས་འདུན་གཏོད་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་བོད་ཀྱི་ལས་དོན་གྱི་གཙོ་རྐང་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ། ལྷག་བསམ་རྣམ་དག་དང་། འགན་འཁྲི། ཐེག་པ་འཁུར་ལེན་བཅས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་མངོན་པ་བཅས་བྱས་ཏེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ། རྒྱང་ལམ་གསར་པར་ཕུགས་འདུན་ཆེད་དུ་རྡོག་ཐོན་བྱེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།
རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ།
བོད་ལྗོངས་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པའི་སྨོན་འདུན་ཞུ།