ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ4པའི་ཚེས13ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་པའི་སློབ་སྦྱོང་ལྟ་སྐོར་ཚོགས་པ་བདེ་བླག་ངང་པེ་ཅིང་དུ་འབྱོར་ཞིང་། བྱེད་སྒོ་གཙོ་གཉེར་བྱེད་མཁན་པེ་ཅིང་བོད་ལྗོངས་འཛུགས་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས(གཤམ་དུ“མཐུན་ཚོགས”ཞེས་བསྡུ་རྒྱུ)ཀྱིས་བོད་ལྗོངས་ཐོག་ཁང་ཆེན་མོ་ནས་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས།
པེ་ཅིང་བོད་ལྗོངས་འཛུགས་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས་ཀྱི་འབྲེལ་ཡོད་མི་སྣས་བོད་རང་སྐྱོང་ལྗོངས་དམངས་གཉེར་ཁེ་ལས་པའི་སློབ་སྦྱོང་ལྟ་སྐོར་ཚོགས་པ་དང་དྲན་རྟེན་པར་རྒྱག་བཞིན་པ།
མཛད་སྒོ་དེ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀའོ་དབྱང་གིས་གཙོ་སྐྱོང་བྱས་ཤིང་། ཚོགས་གཙོ་ཅིན་ཧྲུའུ་པོ་ཡིས་ཤིས་ཚིག་སྒྲོན་སྐབས། ད་ཆ་བོད་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་། ཁེ་ལས་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེ་རུ་ཕྱིན་ཏེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། བོད་ལྗོངས་ཀྱི་དམངས་གཉེར་ཁེ་ལས་པས་པེ་ཅིང་གི་ཁེ་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་དང་གསར་གཏོད་བྱེད་སྟངས་སློབ་སྦྱོང་བྱ་རྒྱུར་གཞོགས་འདེགས་བྱ་རྒྱུ་དེ་རེད་ཅེས་གསུངས།
ཅིན་ཧྲུའུ་པོ་ཡིས་ཤིས་ཚིག་སྒྲོན་བཞིན་པ།
ད་ཐེངས་ཀྱི་སློབ་སྦྱོང་ལྟ་སྐོར་ཚོགས་པའི་ཁོངས་མི་ནི་བོད་ལྗོངས་ཀྱི་འཛུགས་སྐྲུན་དང་། སྨན་བཅོས། རླངས་འཁོར་ཞབས་ཞུ། རིག་གནས། ཚན་རྩལ་སོགས་ལས་རིགས་ཁག་ནས་ཡོང་བའི་དམངས་གཉེར་ཁེ་ལས་པ30ཡིན་ཞིང་། བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རྡོ་རྗེ་ཚེ་སྒྲུབ་ཀྱིས་སྣེ་ཁྲིད་བྱས།
དགའ་བསུ་ཞུ་བའི་མཛད་སྒོའི་ཐོག་ཏུ། རྡོ་རྗེ་ཚེ་སྒྲུབ་ཀྱིས་བོད་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། 2025ལོའི་ཟླ3པའི་བར། བོད་རང་སྐྱོང་ལྗོངས་ཀྱི་གཉེར་སྐྱོང་བྱེད་པོ་དུད་ཚང་ཁྲི56.96ཡོད་པ་དང་། དམངས་གཉེར་དཔལ་འབྱོར་ཐདGDP35%ཡས་མས་དང་། ཁྲལ་དངུལ70%ཡན། ལས་ཞུགས་ལས་གནས80%བཅས་མཁོ་འདོན་བྱས་ཡོད། ཁོང་གིས། ད་ཐེངས་པེ་ཅིང་དུ་རྟོག་ཞིབ་སློབ་སྦྱོང་བྱས་ནས། སློབ་སྦྱོང་གི་ལས་སྟེགས་བསྐྲུན་ཡོད་ལ། ཅིང་བོད་མཉམ་འགུལ་གྱི་སྦྲེལ་ཟམ་ཡང་བསྐྲུན་ཡོད། ཚོགས་མི་ཚོས་རྒྱལ་སའི་ཉམས་མྱོང་སློབ་སྦྱོང་གཏིང་ཟབ་བྱས་ནས། སྔོན་ཐོན་གྱི་འདུ་ཤེས་བོད་ལྗོངས་ཀྱི་དམངས་གཉེར་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་ལ་སྒྱུར་རྒྱུའི་རེ་བ་ཡོད་ཅེས་བརྗོད།
ཅིན་ཧྲུའུ་པོ་ཡིས་བོད་རང་སྐྱོང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་པའི་སློབ་སྦྱོང་ལྟ་སྐོར་ཚོགས་པ་པེ་ཅིང་དུ་ཕེབས་པར་དགའ་བསུ་ཞུ་བཞིན་པ།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དམངས་གཉེར་ཁེ་ལས་པ་ཚུད་པའི་བོད་ལྗོངས་ཀྱི་གཞི་རིམ་ལས་བྱེད་པ་པེ་ཅིང་དུ་སློབ་སྦྱོང་ལྟ་སྐོར་དང་སྤེལ་རེས་བྱེད་པར་སྒྲིག་འཛུགས་བྱ་རྒྱུ་ནི་མཐུན་ཚོགས་ཀྱིས་གཏན་འཁེལ་བྱས་པའི་ལས་འགན་གྱི་གྲས་ཤིག་ཡིན་ཞིང་། 2021ལོ་ནས་ད་བར་དུ། མཐུན་ཚོགས་ཀྱིས་ཁག་དྲུག་གི་མི་ཐེངས260ལྷག་ཙམ་སྒྲིག་འཛུགས་བྱས་ནས་པེ་ཅིང་དུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་ཡོད། ད་ཐེངས་རྟོག་ཞིབ་སློབ་སྦྱོང་ཚོགས་པ་ནི་པེ་ཅིང་བོད་ལྗོངས་འཛུགས་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། པེ་ཅིང་བོད་ལྗོངས་ཐོག་ཁང་དང་། ཀྲུང་གོའི་བོད་ལྗོངས་དྲ་བ། ཀྲུང་ཧྭ་དྲ་བ། ཀྲུང་གོ་ལྕགས་ལམ་ཡུལ་སྐོར་ལས་དོན་ཁང་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱིས་གཉེར་རོགས་བྱས་ཡོད། བྱེད་སྒོ་སྤེལ་བའི་དུས་ཚོད་ནི2025ལོའི་ཟླ4པའི་ཚེས13ནས19ཉིན་བར་ཡིན་ཞིང་། དེའི་རིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བར་ལྟ་བ་དང་། ཀྲུའུ་ཞི་མའོ་ཙེ་ཏུང་གི་དྲན་གསོའི་ཚོམས་ཆེན་ལ་བསྐྱོད་པ། ཏ་ཞིན་རྒྱལ་སྤྱིའི་གནམ་ཐང་དུ་ལྟ་སྐོར་བྱེད་པ། ཞིན་ཏུང་ཧྥང་གི་སྤྱི་ཁྱབ་པུའུ་དང་། ཙེ་ཅི་ཐེའོ་ཏུང་། ཞའོ་སྨི་རླངས་འཁོར། ཅིན་ཏུང་ཧྥང་སོགས་གྲགས་ཅན་ཁེ་ལས་སུ་ལྟ་སྐོར་ལ་བསྐྱོད་པ་དང་། དེ་བཞིན་པེ་ཅིང་གྲོང་ཁྱེར་གྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་པེ་ཅིང་གྲོང་ཁྱེར་གྱི་དམངས་གཉེར་ཁེ་ལས་དང་གླེང་མོལ་བྱེད་པ་སོགས་ཚུད་ཡོད།