ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། 2025ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་ཁྱེར་འབུལ་བའི་མཛད་སྒོ་ལྷ་ལྡན་གཙུག་ལག་ཁང་དུ་འཚོགས་པ་རེད། ད་ཐེངས་ཀྱི་མཛད་སྒོ་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བ་དང་། དགེ་བཤེས་ལྷ་རམས་པའི་རྒྱུགས་ལེན་ལམ་ལུགས་སླར་གསོ་བྱས་ནས་མཚན་གནས་ལག་ཁྱེར་སྤྲད་དེ་ལོ20འཁོར་བ་དང་ཏག་ཏག་འཁེལ་ཞིང་། 2025ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པའི་ཐོབ་ཐང་རག་པའི་རྒྱུགས་འབུལ་དགེ་འདུན་པ་དང་། རྒྱུགས་འབུལ་དཔྱད་བསྡུར་ཨུ་ལྷན་གྱི་ཁོངས་མི། རྒྱུགས་རོགས་དགེ་འདུན་པ་སོགས་དགེ་འདུན་པ281མཛད་སྒོར་ཞུགས་ཡོད།
དམ་བཅའ་འཇོག་པའི་མཛད་སྒོ་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་རྒྱུགས་འབུལ་དཔྱད་བསྡུར་ཨུ་ལྷན་གྱིས་གཙོ་སྐྱོང་གནང་ཡོད། སྲོལ་རྒྱུན་གྱི་གོམས་སྲོལ་ལྟར་རྒྱུགས་འབུལ་དཔྱད་བསྡུར་ཨུ་ལྷན་གྱི་དཔྱད་བསྡུར་འོག རྒྱུགས་འབུལ་དགེ་འདུན་པ13གྱིས་རྒྱུགས་རོགས་དགེ་འདུན་པས་བཏོན་གནང་བའི་ཚད་མ་རྣམ་འགྲེལ་དང་། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་གཞུང་ཆེན་བཀའ་པོད་ལྔ་དང་འབྲེལ་བ་ཡོད་པའི་ནང་དོན་ལ་དམིགས་ནས་རྟགས་གསལ་བཏང་། དཔྱད་བསྡུར་ཨུ་ལྷན་གྱིས་དཔྱད་བསྡུར་ནན་པོ་བྱས་པ་བརྒྱུད། དབྱེན་འདུམ་དགོན་གྱི་བྱམས་པ་གཡང་ནོར་ལ་ཨང་དང་པོ་དང་། འབྲས་སྤུངས་དགོན་གྱི་ངག་དབང་ཆོས་སྨྲ་ལ་ཨང་གཉིས་པ། སེ་ར་དགོན་གྱི་ཐུབ་བསྟན་སྐལ་ལྡན་ལ་ཨང་གསུམ་པ་བཅས་ཐོབ་པ་དང་། ཆབ་མདོ་སྡེ་གསུམ་དགོན་གྱི་བློ་བཟང་འཇིགས་མེད་དང་། བཀྲ་ཤིས་ལྷུན་པོ་དགོན་གྱི་ཤེས་རབ་ཕུན་ཚོགས། རྭ་སྟོད་དགོན་གྱི་བློ་བཟང་དཔལ་ལྡན། ནག་ཆུ་རབ་བརྟན་དགོན་གྱི་བསྟན་འཛིན་དར་རྒྱས། ཆབ་མདོ་དཔའ་ཤོད་དགོན་གྱི་ངག་དབང་བཀྲ་ཤིས། ཆབ་མདོ་བྱམས་པ་གླིང་དགོན་གྱི་འཇམ་དབྱངས་ཐབས་མཁས། དགའ་ལྡན་དགོན་གྱི་ཡེ་ཤེས་སྦྱིན་པ། ཆབ་མདོ་དབུ་ཐོག་དགོན་གྱི་ངག་དབང་མཐར་ཕྱིན། ནག་ཆུ་ཆོས་འཁོར་དགོན་གྱི་ཐུབ་བསྟན་ཚུལ་ཁྲིམས། ཡུན་ནན་བདེ་ཆེན་དགའ་ལྡན་སུམ་རྩེན་གླིང་དགོན་གྱི་ཡེ་ཤེས་འཕེལ་རྒྱས་བཅས་ལ་ཨང་བཞི་པ་ནས་ཨང་བཅུ་གསུམ་བར་ཐོབ་ཡོད། དམ་བཅའ་འཇོག་པའི་མཛད་སྒོ་མཇུག་འགྲིལ་རྗེས། དགེ་འདུན་པ་དམངས་ནས་ཞལ་འདོན་སྨོན་ལམ་བསྔོ་བ་གནང་བ་དང་། མང་ཇ་དང་བཞེས་ཐུག་མིང་བཏགས་ཕུལ་ཡོད།
དགེ་བཤེས་ལྷ་རམས་པའི་མཚན་གནས་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་གྲུབ་མཐའི་མདོ་ཕྱོགས་ཀྱི་སྲོལ་རྒྱུན་གྱི་མཚན་གནས་མཐོ་ཤོས་ཡིན་ཞིང་། མིག་སྔའི་བར། ཁྱོན་དགེ་འདུན་པ202ལ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་ཡོད།