ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དཀར་མཛེས་ཀྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོཊ་འདུ་ཁྲེན་ཏུར་འཚོཊ་པ།

སྤེལ་དུས 2025-04-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

     སྤྱི་ཟླ་4པའི་ཚེས་17ཉིན། ཀྲུང་གུང་དཀར་མཛེས་ཁུལ་ཨུད་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི“སི་ཁྲོན་གྱི་རི་རྒྱལ། གངས་དཀར་ཞལ་སྟོང་”ཞེས་པའི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཁྲེང་ཏུའུ་རུ་བདེ་བླག་ངང་འཚོགས་ཡོད། འོས་སྦྱོར་ཚོགས་འདུའི་ཐོག་གངས་དཀར་རྒྱུད་ཀྱི་རང་བྱུང་བཀོད་པ་དང་། རིག་གནས་སྣ་མང་དང་ཡུལ་སྐོར་ཉམས་ལེན་འགྲེམས་སྟོན་བྱས་པ་བརྒྱུད། དྲ་ཐོག་དང་དྲ་འོག་ནས་གངས་དཀར་རི་རྒྱུད་ཀྱི་འབྱུང་ཁམས་དང་མི་ཆོས་ཀྱི་རིན་ཐང་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། འཛམ་གླིང་ལ་སྣ་མང་དང་ཡིད་དབང་འཕྲོག་པའི་དྭངས་གཙང་དཀར་མཛེས་ཤིག་མངོན་པར་བྱས་ཡོད། 

     ཅི་ལིན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་། ཚོང་དོན་ཐིང་། ལུས་རྩལ་ཅུས་སོགས་འབྲེལ་ཡོད་ཞིང་ཆེན་རིམ་པའི་སྡེ་ཁག་དང་། དེ་བཞིན་ཀྲེ་ཅང་དང་ཅང་སུའུ། ཧུའུ་ནན། ཁྲུང་ཆིང་སོགས་ཀྱི་སྒེར་འཁོར་བཏང་ནས་ཡུལ་སྐོར་འགྲོ་བའི་མཐུན་ཚོགས། སི་ཁྲོན་དང་ཁྲུང་ཆིང་ས་གནས་གཉིས་ཀྱི་ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་མ་འཇོག་ཚོང་པ། དེ་བཞིན་དྲ་གྲགས་སོགས་མི་300ཙམ་ཐེངས་འདིའི་འོས་སྦྱོར་ཚོགས་འདུར་ཞུགས་ཡོད།

     དཀར་མཛེས་ཁུལ་ཨུད་ཀྱི་ཧྲུའུ་ཅི་ཧྲེན་དབྱང་གིས་ཁུལ་ཨུད་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་འོས་སྦྱོར་ཚོགས་འདུར་ཞུགས་མཁན་ཕྱོགས་ཁག་གི་སྐུ་མགྲོན་ལ་དགའ་བསུ་ཞུས་པ་དང་། དཀར་མཛེས་ཀྱི་གོང་འཕེལ་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ལས་རིགས་ཁག་གི་མི་སྣ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་དཀར་མཛེས་ཁུལ་གྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ཡོད། ཁོང་གིས། དཀར་མཛེས་ཁུལ་ནི་མཚོ་བོད་ས་མཐོའི་ཤར་ལྷོའི་མཐའ་མཚམས་དང་འཕྲེད་རྒྱུག་རི་བོའི་ལྟེ་བའི་ཁུལ་དུ་གནས་ཤིང་། མངའ་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་15.3ཟིན་པ་དེ་ནི་ཀྲུང་གོ་གསར་པས་བཙུགས་པའི་ཀྲོན་ཆུས་རིམ་པའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་དང་པོ་དེ་ཡིན། ལྷག་བསམ་ཟོལ་མེད་ངང་ཚང་མ་དཀར་མཛེས་སུ་ཡུལ་སྐོར་དང་ལས་གཏོད་བྱེད་པར་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། 

     ཚོགས་འདུའི་ཐོག དཀར་མཛེས་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥེང་ཧྥ་ཀུའེ་ཡིས་སི་ཁྲོན་གྱི་རི་རྒྱལ། གངས་དཀར་ཞལ་སྟོང་ཞེས་པ་བརྗོད་གཙོར་བྱེད་པའི་འོས་སྦྱོར་གནང་བ་དང་། གངས་དཀར་རི་བོའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་སྣ་མང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་གསལ་སྟོན་གནང་ཡོད།

     དེ་རྗེས་སི་ཁྲོན་གྱི་རི་རྒྱལ། གངས་དཀར་ཞལ་སྟོང་ཞེས་པའི་ཡུལ་སྐོར་འོས་སྦྱོར་པ་བརྒྱ་ལྷག་གིས་མཉམ་དུ་བཏོད་པའི་ང་གངས་དཀར་དུ་ཡོད། ཁྱེད་གང་དུ་ཡོད་དམ་ཞེས་པའི་བརྙན་ཐུང་འགྲེམས་སྟོན་བྱས་ཏེ།  འོས་སྦྱོར་ཚོགས་འདུའི་མཚར་སྡུག་དང་སྤྲོ་སྣང་སླར་ཡང་མངོན་པར་བྱས་ཡོད།

     དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དཀར་མཛེས་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་གིས་དཀར་མཛེས་ཁུལ་གྱིས་ཆེད་མངག་བཙུགས་པའི་སྨྱན་སྦྱོར་གསར་པའི་དྲ་གྲགས་ཀྱིས་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཐད་གཏོང་བྱེད་པའི་བྱ་དགའ་སྒོར་ཁྲི་300ཡི་གཟེངས་བསྟོད་སྤྲོད་ཐབས་ཐད་ངོ་སྤྲོད་གནང་ཡོད། 

     ཚོགས་འདུའི་ཐོག དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་ཅི་ལིན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་བར་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད། ད་ཐེངས་ཀྱི་སི་ཁྲོན་གྱི་རི་རྒྱལ། གངས་དཀར་ཞལ་སྟོང་ཞེས་པའི་འོས་སྦྱོར་ཚོགས་འདུའི་ཐོག་གན་རྒྱ་བཞག་པའི་རྣམ་གྲངས་13ཡོད་པ་དང་གྲོས་ཆོད་བྱུང་བའི་སྤྱིའི་མ་འཇོག་སྒོར་དུང་ཕྱུར་48.96ཟིན་ཡོད། དེའི་ཁྲོད་ཡུལ་དངོས་སུ་གན་རྒྱ་བཞག་པའི་རྣམ་གྲངས་6ཡོད་པ་དང་གྲོས་ཆོད་བྱུང་བའི་སྤྱིའི་མ་འཇོག་ཁྱོན་སྒོར་དུང་ཕྱུར་11.02ཟིན་ཡོད། 

     འོས་སྦྱོར་ཚོགས་འདུའི་ཡུལ་དངོས་སུ་ད་དུང་སྐྱེ་ལྡན་ཁུལ། དཀར་མཛེས་ཀྱི་བྲོ་བ་ཞེས་པས་བརྗོད་གཙོ་བྱས་པའི་སྤུས་རྟགས་ཉམས་ལེན་ཁུལ་བཙུགས་ཡོད་པ་དང་། གངས་འདབས་ཀྱི་འབྲོག་ར་ལས་ཐོན་པའི་ཚགས་ཤ་དང་། ཆར་ནགས་སྦས་ཡུལ་གྱི་བེའུ་ཤ ས་མཐོའི་ཉི་འོད་འོག་སྨིན་པའི་ནས་ཀྱི་ཐོན་རྫས་སོགས་སྐྱེ་ལྡན་བཟའ་བཅའ་མྱོང་རོལ་བྱེད་ཆོག་ཁར། ད་དུང་“གདོད་མའི་འབྱུང་ཁམས་རྟེན་རྫས་བཤམ་མཛོད་ཁང་”ཞེས་པའི་རྣམ་པའི་ཐོག་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་ལག་ཤེས་བརྩམས་ཆོས་འགྲེམས་སྟོན་བྱས་ཡོད།