འདི་ནི་མིག་མདོ་ཤང་ཡིན་པ།
འདི་ནི་བྱང་གསུམ་ཤང་ཡིན་པ།
འདི་ནི་གསེར་མདོང་ཤང་གི་མཁར་རྫོང་ཡིན་པ།
ཆབ་མདོ་གྲོང་ཁྱེར་གྱི་ཤར་རྒྱུད་དང་འབྲི་ཆུའི་ནུབ་ངོས་སུ་ཆགས་པའི་གོ་འཇོ་རྫོང་གི་ས་བབ་སྨི་3800ཡོད་ཅིང་། བསིལ་རླུང་དལ་བུར་ལྡང་བ་དང་ཆབས་ཅིག་ཇ་སྲུབས་མའི་དྲི་ཞིམ་ལྷང་ལྷང་དུ་འཐུལ་འོང་བ་དང་། དྲོ་འཇམ་གྱི་ཉི་འོད་མཁར་རྫོང་གི་སྟེང་ལ་འཕྲོ་བ་དང་བསྟུན་ནས་སྤྲིན་དཀར་གྱི་འོད་མདངས་རབ་ཏུ་འཚེར། ཞོགས་པ་འབྲི་གཡག་ལྷ་ཐོ་འདམ་རའི་སྨུག་གསེབ་ནས་དལ་བ་དལ་བུར་འོང་། རྒྱལ་ལམ་317དང་318ཀྱི་ལམ་མདོར་གནས་པའི་རིན་ཆེན་གཏེར་མཛོད་ལྟ་བུའི་གྲོང་རྡལ་ཆུང་ངུ་གོ་འཇོ་ནི་མི་རྣམས་ཀྱི་ཡིད་དབང་འཕྲོག་པའི་གནས་ཤིག་རེད། ཉེ་ཆར། “དཔྱིད་དུས་སུ་ཆབ་མདོར་མཉམ་འཛོམས་བྱེད”ཅེས་པའི་བཅར་འདྲི་ཚོགས་ཆུང་གོ་འཇོ་རྫོང་དུ་བསྐྱོད་ནས་གྲོང་རྡལ་ཆུང་ངུ་དེའི་ལོ་རྒྱུས་རིག་གནས་འཚོལ་ཞིབ་དང་ཞིམ་མངར་གྱི་ཟས་ལ་རོལ་བ་ཡིན།
ལོ་ངོ་སྟོང་ཕྲག་རྒྱུན་འཛིན་བྱུང་བའི་སྟག་ལུས་དཔོན་ཚང་།
ཉེ་ཆར། “དཔྱིད་དུས་སུ་ཆབ་མདོར་མཉམ་འཛོམས་བྱེད”ཅེས་པའི་བཅར་འདྲི་ཚོགས་ཆུང་རླངས་འཁོར་ལ་བསྡད་དེ་གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་དུ་གནས་པའི་སྟག་ལུས་དཔོན་ཚང་དུ་བསྐྱོད་པ་ཡིན། སྟག་ལུས་དཔོན་ཚང་པུར་རྒྱལ་བཙན་པོའི་སྐབས་སུ་བཞེངས་པའི་ཕོ་བྲང་ཞིག་ཡིན་པ་དང་། དུས་རྒྱུན་ཕྱི་ཕྱོགས་སུ་སྒོ་ཕྱེ་གི་མེད། སྟབས་ལེགས་པ་ཞིག་ལ་ས་གནས་དེ་གའི་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱི་ལས་དོན་པའི་མཐུན་སྦྱོར་འོག་དཔོན་ཚང་དེའི་སྦྱིན་བདག་སངས་རྒྱས་ལྷ་མོ་དང་ཐུག་བྱུང་བས། ང་ཚོ་གཞི་ནས་རྒྱ་ཁྱོན་ལ་སྨི་ངོས་གྲུ་400ཟིན་པའི་དཔོན་ཚང་དེའི་ནང་ལྟ་སྐོར་དུ་འགྲོ་སྐལ་བྱུང་།
འབོ་ལོ་གྲོང་རྡལ་འབོ་ལོ་ལུང་ཤུར་གྱི་སྟེང་མཁར་གྲོང་ཚོར་གནས་པའི་སྟག་ལུས་དཔོན་ཚང་ནི་རྡོ་རྩིག་ཐོག་སོ་གསུམ་ལྡན་ཞིག་ཡིན་ཞིང་། དེར་བཟོ་བོའི་ཁྱད་དུ་འཕགས་པའི་བཟོ་རྩལ་སྤྱད་ཡོད་པས། 2019ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་བརྒྱད་པར་བདམས་ཡོད། འོག་ཤོད་ཀྱི་གྱང་གི་མཐུག་ཚད་ལ་སྨི་1.2ཡོད་པས་སྔོན་ཆད་ལྷས་རའི་ནུས་པ་མི་ཉམས་པར་གནས་པ་དང་། ཉིས་ཐོག་ལ་ལོ་ངོ་བརྒྱ་ལྷག་ཙམ་སོང་བའི་རྫ་ཆས་ནག་པོ་སྒྲིག་གཤོམ་བྱས་ཡོད་པ་དང་། རྫ་ཆས་ཀྱི་ངོས་སུ་རི་མོ་བཀྲ་ཤིས་རྟགས་བརྒྱད་བཀོད་པ་གསལ་པོར་མཐོང་རྒྱུ་འདུག གྱང་ངོས་སུ་ཡོན་རྒྱལ་རབས་སྐབས་ཀྱི་རྩ་ཆེའི་ལྡེབས་རིས་བྲིས་འདུག ཉི་འོད་སྒེའུ་ཁུང་བརྒྱུད་ནས་ཚོམས་ཆེན་དུ་འཕྲོ་སྐབས། ཤིན་ཏུ་སྦོམ་པའི་ཀ་བ་བརྒྱད་འགྱིང་ངེར་མངོན་འོང་། སངས་རྒྱས་ལྷ་མོས་ང་ཚོར་ཐབ་ཚང་ནང་གི་ཉམས་ཆག་མེད་པའི་སྲོལ་རྒྱུན་གྱི་སྒྲིག་བཟོ་བྱེད་སྟངས་ཆེད་དུ་ངོ་སྤྲོད་བྱས་བྱུང་། ལོ་ངོ་བརྒྱ་ལྷག་ཙམ་སོང་བའི་ཐབ་ཆས་དེ་དག་ལས་ང་ཚོར་གནའ་མིའི་འཚོ་བ་སྐྱེལ་སྟངས་ལ་རྒྱུས་མངའ་ཟབ་མོ་བྱུང་།
བྲོ་བ་ཞིམ་ལ་རོ་བཅུད་ལྡན་པའི་ཨ་དབང་ལུག
ཉིན་དགུང་ཡོལ་ཙམ་ལ་ང་ཚོ་ཨ་དབང་ཤང་དུ་བསྐྱོད། དེ་གའི་གསེར་མདོག་གི་རྩྭ་ཐང་ལས་ས་གཤིས་མཚོན་རྟགས་ཀྱི་ཐོན་རྫས་ཨ་དབང་ལུག་གི་ཐུན་མིན་ཁྱད་ཆོས་མངོན་ཞིང་། གསོ་ཚགས་རྟེན་གཞིའི་འགན་འཁུར་བས་གཉན་གྱི་རྒྱུད་པ་འདྲེས་པའི་རྩ་ཆེའི་ལུག་འདི་རིགས་ལ་དབྱར་ཁ་དང་སྟོན་ཁར་ས་བབ་སྨི་3000ཟིན་པའི་རི་མཐོ་སའི་རྩྭ་སྟེར་བ་དང་། དགུན་ཁ་དང་དཔྱིད་ཀར་ལྷས་རར་བཅུག་ནས་ཆེད་བཟོས་གཟན་རྩྭ་སྟེར་དགོས་ཀྱི་ཡོད། ལུག་ཤ་འདི་རིགས་ཀྱི་མཁྲིས་རྒྱུ་གཤེར་རྩི་འདུས་ཚད་རྒྱུན་གཏན་གྱི་ལུག་ཤ་ལས་30%ཡིས་དམའ་བ་དང་། ཨན་གཞི་སྐྱུར་གྱི་འདུས་ཚད་15%ཡིས་མཐོ་བ་ཡོད་པས། མངོན་མིན་རིག་གནས་ཤུལ་བཞག་གི་ཟས་རིགས་ཀྱི་ཁོངས་སུ་གཏོགས་པའི“ཨ་རྡོ་རྗེའི”ཞིམ་ཟས་ཀྱི་རྒྱུ་ཆ་གཙོ་བོ་ཡིན་ཞེས་ང་ཚོར་ངོ་སྤྲོད་བྱས་བྱུང་།
ཡུལ་མིའི་སྣེ་ཁྲིད་འོག ང་ཚོས་སྲོལ་རྒྱུན་གྱི“ཨ་རྡོ་རྗེའི”ཞིམ་ཟས་བཟོ་རྩལ་ལ་མྱོང་རོལ་བྱས་པ་མ་ཟད། ལུག་གི་ནང་ཁྲོལ་དེ་དག་ལས་རིམ་12བརྒྱུད་ནས་གོ་སྙོད་སོགས་ས་མཐོའི་སྨན་སྣ་བརྒྱབ་སྟེ་མེར་བསྲེགས་རྗེས་ཕྱི་ཚིག་ཀྱང་ནང་མཉེན་པོར་གྱུར་ནས་དམར་དྲི་གཏན་ནས་ཁ་གི་མེད། ཉེ་བའི་ལོ་ཤས་རིང་། གོ་འཇོ་རྫོང་གིས་ལུག་ཤའི་བྲོ་བ་མྱོང་རོལ་གྱི་བྱེད་སྒོ་སྤེལ་བས་རི་ཁུག་ཏུ་ཡོད་པའི་ཟས་མཆོག་དེ་བོད་ཀྱི་ཞིམ་ཟས་ཀྱི་མིང་བྱང་གསར་པར་གྱུར་ཡོད།
སྦས་ལུང་ས་ངན་དུ་བསྐྱོད་པ།
མུ་ལ་མུ་ཁྱུད་ཀྱི་རི་བོ་སྨུག་པའི་གསེབ་ནས་རབ་རིབ་ཏུ་མངོན་ཞིང་། ང་ཚོ་ཨ་དབང་ཤང་ནས་ཤར་ཕྱོགས་སུ་གནས་པའི་ས་ངན་ཡུག་ཁུལ་གྱི་གསེར་མདོང་ཤང་དུ་བསྐྱོད།
གསེར་གདོང་ཤང་གི་མཁར་རྫོང་ལ་སྐྱོད་སྐབས། ཀྱག་ཀྱོག་གི་རི་ལམ་བརྒྱུད་མཐར་རྩི་ཤིང་རིམ་བཞིན་སྟུག་ཏུ་སོང་བ་དང་། དེ་ནས་གསེར་མདོག་གི་མཁར་རྫོང་མང་པོ་འདྲེན་བྱེད་ལམ་དུ་འཆར། མཁར་རྫོང་དེ་དག་ལུང་ཤུར་དུ་ཁུ་སིམ་མེར་གནས་པ་དང་། ཐལ་མདོག་གི་གྱང་ངོས་སུ་རྩྭ་རྐང་རེ་གཉིས་སྐྱེས་འདུག ང་ཚོས་མཁར་རྫོང་ནང་དུ་མ་ཕྱིན་པར་རྔམ་བརྗིད་ལྡན་པའི་ཐང་རྒོད་ཀྱི་རྣམ་པ་དེ་པར་དུ་ལེན་པར་བྲེལ།
ཀྱག་ཀྱོག་གི་རི་ལམ་བརྒྱུད་དེ་མུ་མཐུད་མདུན་ཕྱོགས་སུ་སྐྱོད་སྐབས་ང་ཚོ་ལམ་ནོར་ཐེབས་ཤིང་། ཕྱོགས་སྟོན་ཡོ་བྱད་ཀྱིས་མཁོ་མི་ཆོད་པས་ང་ཚོ་ལ་མང་པོ་བརྒལ་དགོས་བྱུང་། མིག་མདུན་དུ་ལི་ཁྲིའི་མདོག་གི་མེ་ཏོག་མང་པོ་བཞད་པའི་ས་ཆ་ཞིག་འཆར་བ་དེ་ནི་མིག་མདོ་ཤང་མ་གྱོང་གྲོང་ཚོ་རེད། ལུང་ཤུར་འདི་ནས་འབྲི་ཆུ་ཁག་གཉིས་སུ་གྱེས་ཏེ་ས་བབ་དམའ་རུ་སོང་བ་དང་། ཁམ་བུའི་སྡོང་པོར་ཡལ་ག་རབ་ཏུ་རྒྱས། ཡུལ་མི་ཚོ་ལྷས་རར་བཟོ་བཅོས་རྒྱག་བཞིན་ཡོད་པ་དང་། ང་ཚོ་ཐལ་རླུང་འཚུབ་འཚུབ་ངང་སླེབས་པ་མཐོང་འཕྲལ་གང་དུ་འགྲོ་གི་ཡིན་མིན་དྲིས་བྱུང་། ང་ཚོ་བཅར་འདྲི་བྱེད་མཁན་ཡིན་པ་ཤེས་རྗེས། ཡུལ་མིས“ད་ཆ་ཁམ་བུའི་མེ་ཏོག་བཞད་པའི་དུས་ཡིན་པས། ཧ་ཅང་མཛེས་པོ་ཡོད”ཅེས་འཛུམ་དམུལ་དམུལ་ངང་ཕ་གིའི་རི་གསེབ་ལ་མཛུབ་མོ་འཛུག་བཞིན་དུ་བཤད།
པར་ལེན་མཁན་གྱིས་མི་མེད་གནམ་གྲུ་བཏང་སྟེ་རི་གསེབ་ཀྱི་ཁམ་བུའི་མེ་ཏོག་དང་མཁར་རྫོང་པར་དུ་བླངས་པས། ཡུལ་མི་ཚོས་བརྙན་ལམ་གྱི་མདུན་དུ་ཡོང་ནས་ཧང་སངས་སངས་བྱེད་ཀྱི་འདུག ང་ཚོ་དེ་ནས་ཁ་བྲལ་སྐབས་ཡུལ་མི་ཚོས་ལམ་ནོར་ཐེབས་པར་དོགས་ནས་མངགས་བྱ་ཡང་ཡང་བྱས་བྱུང་།
མ་གྱོང་གྲོང་ཚོ་ནས་ཁ་བྲལ་ཏེ་བྱང་གསུམ་ཤང་དུ་སྐྱོད་སྐབས། ལམ་གསལ་པོ་དྲིས་ན་ཡང་ད་དུང་ལམ་ནོར་ཐེབས་ཀྱི་འདུག བྱང་གསུམ་ཤང་དུ་སླེབས་སྐབས་ཕྱི་དྲོའི་ཆུ་ཚོད་བཞི་པ་ཟིན་ཞིང་། ང་ཚོས་ལས་དོན་པར་འབྲེལ་གཏུག་བྱས་རྗེས། གྲོང་དཔོན་རྒན་པས་ང་ཚོ་མཁར་རྫོང་ཞིག་ལ་ལྟ་བར་འཁྲིད་བྱུང་། རྒན་པོ་དེས་འཁར་རྒྱུག་འཛུགས་བཞིན་དུ་ང་ཚོ་ཁོང་སྡོད་སའི་ཁང་པ་རྙིང་པར་ལྟ་བར་འཁྲིད་བྱུང་། དེ་ནི་མཐོ་ཚད་ལ་སྨི་18ཡོད་པའི་ཐོག་སོ་བཞི་ཅན་གྱི་མཁར་རྫོང་ཞིག་ཡིན་པ་དང་། གྱང་གི་མཐུག་ཚད་མཁར་རྫོང་གི་གྱང་ཞིག་དང་འདྲ་ལ་སྒེའུ་ཁུང་མེད་པའི་ཁར་མཛེས་རྒྱན་གང་ཡང་སྤྲས་མེད་པ་དང་། ཐོག་སོ་ཚང་མའི་གྱང་ངོས་ལ་སོ་ཁུང་དང་མདེའུ་ཁུང་བཟོས་ཡོད་པ་དེ་དག་སྔོན་ཆད་དགྲ་བོ་འགོག་པར་སྤྱོད་ཀྱི་ཡོད་སྐད།
སྒོ་ཕྱེ་དུས་མིག་ལམ་དུ་འཆར་བ་ནི་ཐོག་སོ་དང་པོའི་ལྷས་ར་ཡིན་པས། གཟན་རྩྭ་སྐམ་པོའི་དྲི་མ་ངར་པོ་ཞིག་འཐུལ་བ་དང་། ཉིས་ཐོག་གི་མི་སྡོད་སར་མེ་བཏང་བའི་ཐབ་ཤུལ་ད་དུང་ཡང་གསལ་པོ་མཐོང་རྒྱུ་འདུག གསུམ་ཐོག་ནི་མཆོད་ཁང་དང་འབྲུ་མཛོད་རེད་འདུག བཞི་ཐོག་ནི་མཛོད་ཁང་ཡིན་པ་དང་ཐོག་ཁར་ཉི་སྐམ་གཏོང་ས་བཟོས་འདུག མཐོ་ཚད་ལ་སྨི་18ཡོད་པའི་ཐོག་ཁ་ནས་གཤམ་འོག་ལ་བལྟས་ཚེ། ཧ་ཅང་མཐོ་བས་འཇིགས་ཡེར་བ་ཞིག་འདུག
གྲོང་དཔོན་རྒན་པས“མཁར་རྫོང་འདི་ལྟ་བུ་ཞིག་རྒྱག་པར་ལོ་གསུམ་ནས་ལྔ་བར་འགོར་གྱི་ཡོད”ཅེས་ཤོད་ཞོར་ཁོང་གིས་ལག་པས་གྱང་ངོས་ལ་རེག་པས་ས་རྡུལ་མང་པོ་ལོ་ཟླའི་ཐལ་རླུང་དང་འདྲེས་ནས་རྒྱང་རིང་ལ་འཁྱེར།
ཕྱིར་ལོག་པའི་ལམ་བར་དུ་དགོང་མོའི་མཚམས་སྤྲིན་གྱི་འོད་མདངས་རྒྱང་རིང་གི་གངས་རིར་འཕྲོས་ནས་ཡིད་འོང་ལྟ་ན་སྡུག་པ་ཞིག་འདུག རླངས་འཁོར་ནང《མཚོ་བོད་ས་མཐོ》ཞེས་པའི་གླུ་གཞས་ཀྱི་འགྱུར་ཁུག་ཡང་ཡང་གྲགས་ཤིང་། གཞས་འདི་ཁོ་ནས་མ་གཏོགས་སྐབས་འདིའི་རྣམ་པ་མཚོན་མི་ཐུབ་པའི་སྣང་བ་ངམ་ཤུགས་སུ་སྐྱེས། སྙན་པའི་འགྱུར་ཁུག་གི་འགྲོས་དང་བསྟུན་ནས་ས་རིམ་བཞིན་རུབ་པ་དང་ལ་ཇི་ཙམ་བརྒལ་བ་དང་ཆུ་བོ་ག་ཚོད་སྒྲོལ་བ་གསལ་པོ་མ་ཚོར་བར། མཚན་དགུང་གི་ཆུ་ཚོད་12ཙམ་ལ་ང་ཚོ་རོང་སྨད་གྲོང་རྡལ་དུ་འབྱོར།