ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དཀར་མཛེས་ཀྱི་རིག་གནས་རྣམ་གྲངས་4གྲ་སྒྲིག་མིང་ཐོ་འདིའི་ནང་བཅུག་པ།

སྤེལ་དུས 2025-04-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

      སྤྱི་ཟླ་4པའི་ཚེས་16ཉིན། གསར་འགོད་པས་དཀར་མཛེས་ཁུལ་རིག་གནས་རླུང་འཕྲིན་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ལོ་འགོར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས“ཐང་བོད་གནའ་ལམ་གྱི་སི་ཁྲོན་དུམ་བུ།(སེར་ཤུལ་རྫོང་གི་མ་ཎི་རྡོ་འབུམ་ཚུད།)”དང་། “ཀྲུང་གོའི་སྣ་མང་རིགས་ཚོགས་ཀྱི་སྲོལ་རྒྱུན་འདུས་སྡོད།(རོང་བྲག་གི་མཁར་རྫོང་དང་བོད་སྡེ)” “ཇ་རྟའི་གནའ་ལམ་གྱི་སི་ཁྲོན་དུམ་བུ།” “མཚོ་བོད་ས་མཐོའི་རྡོ་ཆས་རྙིང་པའི་གནའ་ཤུལ(ཕན་རོགས་གནའ་ཤུལ)”བཅས་རྣམ་གྲངས་4ཀྲུང་གོའི་འཛམ་གླིང་རིག་གནས་ཤུལ་བཞག་གྲ་སྒྲིག་མིང་ཐོའིནང་བཅུག་ནས་འཛམ་གླིང་རིག་གནས་ཤུལ་བཞག་ལ་རེ་ཞུ་བྱེད་པའི་ཐད་གོམ་པ་གལ་ཆེན་ཞིག་སྤོས་ཡོད།

      ད་ཐེངས་དཀར་མཛེས་ཁུལ་གྱིས"ཤུལ་བཞག་རེ་ཞུའི་གྲ་སྒྲིག་རུ་ཁག"ནང་བཅུག་པའི་རྣམ་གྲངས་4ཡི་ནང"ཐང་བོད་གནའ་ལམ་སི་ཁྲོན་དུམ་བུ(སེར་ཤུལ་རྫོང་གི་མ་ཎི་རྡོ་འབུམ་ཚུད།)"དང་"ཇ་རྟའི་གནའ་ལམ་གྱི་སི་ཁྲོན་དུམ་བུ"གཉིས་ནི་ཉེ་བའི་ལོ་ཤས་རིང་འཛམ་གླིང་རིག་གནས་ཤུལ་བཞག་གིས་མཐོང་ཧ་ཅང་ཆེན་པོ་བྱེད་པའི་ཐིག་གཤིས་རིག་གནས་ཤུལ་བཞག་ཡིན་པ་དང་། དེའི་ནང"ཐང་བོད་གནའ་ལམ"ནི་ཀྲུང་གོའི་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་(ད་ལྟའི་ཧྲའན་ཞི་ཞི་ཨན)ནས་ཐུ་­­བྷོད་ཀྱི་གནའ་གྲོང་ར་ས(ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས)བར་གྱི་གཞུང་ལམ་ཡིན་པ་དང་། ཁྱོན་རིང་ཚད་ལ་སྤྱི་ལེ་3000ལྷག་ཙམ་ཡོད་ཅིང་། ཧྲའན་ཞི་དང་ཀན་སུའུ། མཚོ་སྔོན། སི་ཁྲོན། བོད་ལྗོངས་བཅས་ཞིང་ལྗོངས་ལྔ་བརྒལ་བ་དང་"དར་གོས་ལྷོ་ལམ"ཞེས་འབོད་ཀྱི་ཡོད། དཀར་མཛེས་ཁུལ་སེར་ཤུལ་རྫོང་ནི་གནའ་ལམ་ལྷོ་རྒྱུད་ཀྱི་མཚམས་ཚིགས་གལ་ཆེན་ཞིག་ཡིན་པའི་ཆ་ནས། མངའ་ཁོངས་སུ་ཐུ་­­བྷོད་དུས་སྐབས་ཀྱི་རྡོ་བརྐོས་ཚོགས་པའི་རྗེས་ཤུལ་དང་གནའ་ཤུལ་མང་པོ་ཉར་ཚགས་བྱས་ཡོད་པས། མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་གནའ་ལམ་ཕྱོགས་སུ་སྐྱོད་པའི་ཞིབ་འཇུག་གི་སྟོང་ཆ་བསྐངས་བ་དང་། རྒྱ་བོད་རིག་གནས་མཉམ་འདྲེས་ཀྱི་གཏིང་ཟབ་ཚད་ར་སྤྲོད་བྱས་ཏེ། གནའ་ལམ་ཡན་ལག་གི་དར་རྒྱས་སྔར་བས་གསལ་སྟོན་དང་རྒྱ་བཟའ་ཀོང་ཇོ་བོད་དུ་སྐྱོད་པའི་ལམ་ཐིག་ལ་ཁུངས་སྣེ་གསར་པ་མཁོ་འདོན་བྱས་ཡོད།

      གོང་གསལ་གྱི་ཞིང་ཆེན་ཡོངས་ཀྱི་རིག་གནས་ཤུལ་བཞག་རིགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐིག་གཤིས་རིག་གནས་ཤུལ་བཞག་ཆེ་གྲས་གཉིས་ཕུད། "མཚོ་བོད་ས་མཐོའི་རྡོ་ཆས་རྙིང་པའི་རྗེས་ཤུལ(ཕན་རོགས་གནའ་ཤུལ)"ནི་ཉེ་བའི་ལོ་ཤས་རིང་གི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་གསར་པ་ཞིག་ཡིན་པ་དང་། དེས་དཀར་མཛེས་ཁུལ་འདབ་པ་རྫོང་དུ་གནས་པའི་ཕན་རོགས་རྗེས་ཤུལ་མཚོན་བྱེད་དུ་བྱས་ནས། མིའི་རིགས་ཀྱིས་ལོ་ངོ་ཁྲི་བཅུ་ལྷག་ཙམ་གྱི་གོང་ནས་འཛམ་གླིང་ཡང་རྩེ་དང་མཚོ་བོད་ས་མཐོ་དབང་དུ་བསྡུ་འགོ་ཚུགས་པ་དང་། སྔ་དུས་ཀྱི་མིའི་རིགས་གནས་སྤོ་དང་ལག་རྩལ་ཁྱབ་གདལ། ས་མཐོའི་འཕྲོད་མཐུན་རང་བཞིན་གྱི་རིམ་འགྱུར་བཅས་ལ་ཞིབ་འཇུག་བྱེད་པར་འགག་རྩའི་དཔང་རྟགས་ཤིག་མཁོ་འདོན་བྱས་པ་དང་། རྒྱལ་སྤྱིའི་རིག་པའི་ལས་རིགས་ཀྱིས"ཤར་ཕྱོགས་ཀྱི་སྔ་དུས་མིའི་རིགས་ཀྱི་ལག་རྩལ་རྗེས་སུ་ལུས་པའི"ངོས་འཛིན་བསྐྱར་འབྲི་བྱས་པ། ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་སྣ་མང་ལ་གོ་བ་གཏིང་ཟབ་བླངས་པ་བཅས་ཀྱིས་གོ་ལ་ཧྲིལ་པོའི་མིའི་རིགས་ཀྱི་རིམ་འགྱུར་ཞིབ་འཇུག་ཁྲོད་མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་གནས་བབ་དེ་བས་མངོན་གསལ་དོད་དུ་སོང་ནས"མཚོ་བོད་མཐོ་སྒང་གི་མིའི་རིགས་ཀྱི་དབང་དུ་བསྡུ་བའི་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་"ཞེས་པའི་མཚན་སྙན་ཐོབ་ཡོད།

      "ཀྲུང་གོའི་སྣ་མང་རིགས་ཚོགས་ཀྱི་སྲོལ་རྒྱུན་འདུས་སྡོད(རོང་བྲག་གི་མཁར་རྫོང་དང་བོད་སྡེ)"དེ་དཀར་མཛེས་ཁུལ་དང་རྔ་བ་ཁུལ་ས་གནས་གཉིས་དང་འབྲེལ་ཡོད་པ་དང་། དེ་སི་ཁྲོན་ནུབ་རྒྱུད་ས་མཐོའི་རྒྱལ་རོང་བོད་རིགས་ཀྱི་སྲོལ་རྒྱུན་འདུས་སྡོད་ཀྱི་ཕུལ་བྱུང་མཚོན་བྱེད་ཅིག་ཡིན་པའི་ངོས་ནས། བོད་རིགས་དང་ཆའང་རིགས་སོགས་རིགས་ཚོགས་མང་པོ་མཉམ་འདྲེས་ཀྱི་འཛུགས་སྐྲུན་བློ་གྲོས་དང་རིག་གནས་རྒྱུན་འཛིན་མངོན་པ་དང་། ལོ་ངོ་སྟོང་གི་ཆར་རླུང་དང་ས་ཡོམ་བརྒྱུད་ཀྱང་སྔར་བཞིན་འགྱིང་ངེར་གནས་པའི་བཙན་རྫོང་དེ་བོད་རིགས་གྲོང་སྡེ་དང་རི་ལ་བརྟེན་ནས་བསྐྲུན་པ་དང་། རང་བྱུང་ཁོར་ཡུག་དང་ཞི་མཐུན་མཉམ་གནས་བྱུང་ནས། "མཁར་རྫོང་སྟོང་གི་རྒྱལ་ཁབ"ཀྱི་བརྗིད་ཆགས་མཛེས་ལྗོངས་ཤིག་ཆགས་པ་དེ་ནི་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་ཀྱི་རིགས་ཚོགས་ཀྱི་སྤྱི་ཚོགས་གྲུབ་ཆ་དང་། འཛུགས་སྐྲུན་ལག་རྩལ། དེ་བཞིན་རིག་གནས་མཉམ་འདྲེས་ལ་ཞིབ་འཇུག་བྱེད་པའི་རྩ་ཆེའི་དངོས་རྫས་ཀྱི་དཔེ་མཚོན་ཞིག་རེད།

      ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱིས"སྲུང་སྐྱོང་དོ་དམ་སྒྲིག་གཞི་དོན་འཁྱོལ་དང་། འབྲེལ་ཡོད་རིག་དངོས་སྲུང་སྐྱོང་འཆར་འགོད་བཟོ་བ། རིག་དངོས་ཉམས་གསོ་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཤུལ་བཞག་རེ་ཞུའི་རྨང་གཞིའི་ལས་དོན་སྤེལ་བ"སོགས་ཀྱི་ཐད་གཙོ་གནད་ཐོག་ནུས་ཤུགས་འདོན་སྤེལ་བྱས་ནས། རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། ལྷག་པར་དུ"ཤུལ་བཞག་རེ་ཞུ"དམ་འཛིན་བྱ་གཞིར་བྱས་ཏེ་རིག་གནས་ཤུལ་བཞག་གི་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་གཏིང་ཟབ་ཏུ་བཏང་བས། ཤུལ་བཞག་སྲུང་སྐྱོང་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།