ཟླ་5ཚེས་19ཉིན་དང་ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལུའོ་དབྱང་འཁོར་རྟེན་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་རིག་ནུས་བཟོ་གྲྭར་རྟོག་ཞིབ་གནང་སྐབས་ཁེ་ལས་ཀྱི་ལས་བཟོ་དང་མཉམ་དུ་ཕེབས་བཞིན་པ།
ཟླ་5ཚེས་19ཉིན་དང་ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལུའོ་དབྱང་ལུང་མོན་བྲག་ཕུག་ཏུ་རྟོག་ཞིབ་གནང་སྐབས་ཡུལ་སྐོར་བ་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་ཧོ་ནན་དུ་རྟོག་ཞིབ་གནང་སྐབས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཧོ་ནན་གྱིས་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་དར་རྒྱས་དང་། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་ཐོན་ལས་མ་ལག་དང་ཞིང་ལས་ཀྱི་ཞིང་ཆེན་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་དམངས་འཚོ་ལེགས་སུ་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ནུས་ཕྱོད་ཆེ་བའི་བཅོས་སྐྱོང་ལ་བརྟེན་ནས་ཀྲུང་ཡོན་ས་གཞི་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
ཟླ་5ཚེས་19ཉིན་དང་ཚེས་20ཉིན། ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཉིང་དང་ཧྲེང་ཀྲང་ཝང་ཁའེ་ཡི་ཕེབས་རོགས་འོག་སྔ་རྗེས་སུ་ལུའོ་དབྱང་དང་ཀྲེང་ཀྲོའུ་རུ་རྟོག་ཞིབ་གནང་བར་ཕེབས་པ་རེད།
ཚེས་19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དང་ཐོག་ལུའོ་དབྱང་འཁོར་རྟེན་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་ཞིང་། ཀུང་སི་དེ་ནི“ལོ་ལྔ་ཚན་དང་པོའི”རིང་བསྐྲུན་པའི་ལུའོ་དབྱང་འཁོར་རྟེན་བཟོ་གྲྭ་ཡིན། རིག་ནུས་བཟོ་གྲྭར་ཞི་ཅིན་ཕིང་གིས་ཁེ་ལས་འཕེལ་རྒྱས་ཀྱི་འཕེལ་རིམ་མཁྱེན་རྟོགས་གནང་བ་དང་། རིགས་མི་འདྲ་བའི་འཁོར་རྟེན་ཐོན་རྫས་ཀྱི་སྤྱོད་སྒོ་དང་ནུས་པའི་སྐོར་གྱི་ངོ་སྤྲོད་གསན་པ་མ་ཟད། ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས་ལས་སྒོའི་བརྒྱུད་རིམ་ལའང་གཟིགས་པ་རེད། ཁོང་གིས་ཚུར་རུབ་ཡོང་བའི་ཁེ་ལས་ཀྱི་ལས་བཟོར་བཟོ་སྐྲུན་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་གལ་ཆེན་ཞིག་ཡིན་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་རྒྱུན་འཁྱོངས་བྱེད་དགོས། དེང་རབས་བཟོ་སྐྲུན་ལས་རིགས་ནི་ཚན་རྩལ་གྱི་མཐུན་རྐྱེན་དང་ཁ་འབྲལ་ཐབས་མེད་པས། ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་རང་རྟེན་གསར་གཏོད་ཀྱི་འཕེལ་རྒྱས་ལམ་བུར་བསྐྱོད་དགོས་ཞེས་གསུངས་པ་དང་འབྲེལ། ལས་བཟོ་ཚོར་བདག་པོའི་སྙིང་སྟོབས་དར་སྤེལ་བཏང་ནས་ཁེ་ལས་འཕེལ་རྒྱས་གཏོང་བའི་ཁྲོད་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་ལེགས་སྐྱེས་མང་ཙམ་འབུལ་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།
དེ་རྗེས་ཞི་ཅིན་ཕིང་གིས་ཧན་རྒྱལ་རབས་ཤར་མའི་དུས་སུ་བསྐྲུན་འགོ་ཚུགས་པའི་རྟ་དཀར་དགོན་དུ་རྟོག་ཞིབ་གནང་བར་ཕེབས་ཏེ། ནང་བསྟན་ཀྲུང་གོ་ཅན་དང་དགོན་པའི་རིག་དངོས་སྲུང་སྐྱོང་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཁོང་གིས། རྟ་དཀར་དགོན་གྱིས་ནང་བསྟན་དར་ཁྱབ་དང་འཕེལ་རྒྱས་དེ་བཞིན་རྒྱུན་ཆད་མེད་པར་ཀྲུང་གོ་ཅན་དུ་འགྱུར་བའི་འཕེལ་རིམ་ལ་བདེན་དཔང་བྱས་ཡོད། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་པ་དེ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལོ་རྒྱུས་ལས་ར་འཕྲོད་བྱུང་ཡོད་པས། ཆོས་ལུགས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
ལོ་ངོ་1500ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལུང་མོན་བྲག་ཕུག་ནི་འཛམ་གླིང་གི་རིག་གནས་ཤུལ་བཞག་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་འདི་གར་ཕེབས་ནས་བྲག་ཕུག་གི་སྤྱི་ཡོངས་ཀྱི་བཀོད་པའི་ཁྱད་ཆོས་དང་མཚོན་བྱེད་རང་བཞིན་གྱི་བྲག་ཁུང་དང་སྐུ་བརྙན་ལ་གཟིགས་པ་དང་འབྲེལ། ས་གནས་ས་ཐོག་གི་རིག་དངོས་སྲུང་སྐྱོང་ལས་དོན་པ་དང་བྱམས་བརྩེའི་སྤེལ་རེས་ཀྱང་གནང་བ་རེད། ཁོང་གིས། ཀྲུང་ཧྭའི་རིག་གནས་ཀྱི་རྩ་ཆེའི་ནོར་བུ་དེ་དག་ལ་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། བརྒྱུད་སྤེལ་ཡག་པོ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་མཇལ་རྗེས་ཡུལ་སྐོར་བ་ཚོ་དགའ་ཚོར་ཆེན་པོ་བྱུང་སྟེ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མ་དང་སྤེལ་རེས་ཡང་ཡང་གནང་བ་དང་། ལྷག་པར་དུ། གྲོགས་པོ་ཆུང་ཆུང་ཚོར་ཡུལ་དངོས་སུ་བསྐྱོད་ནས་ཀྲུང་ཧྭའི་རིག་གནས་ཀྱི་རྩ་བ་བཙལ་ཏེ་ཆུང་དུས་ནས་རིག་གནས་ཀྱི་གདེང་ཚོད་འཕེལ་བར་བྱེད་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད། ཁོང་གིས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་མདུན་ལམ་ཡངས་པས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཀ་རྟེན་ཐོན་ལས་དང་། དམངས་འཚོའི་ཐོན་ལས། བདེ་སྐྱིད་ཀྱི་ཐོན་ལས་བཅས་ལ་དངོས་འབྲེལ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
ཚེས་20ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་རྗེས་ཧོ་ནན་གྱི་ཕྱོགས་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་གོམ་སྟབས་རྗེས་མའི་ལས་དོན་ཐད་བླང་བྱ་བཏོན་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྡོག་མེད་ཀྱི་བླང་བྱ་རེད། རྙོག་འཛིང་ཆེ་བའི་ཕྱི་རོལ་ཁོར་ཡུག་གི་མདུན་དུ་གདེང་ཚོད་ཆེ་རུ་བཏང་སྟེ་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། ནུས་ཤུགས་ཡོད་རྒུས་ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་ཡོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་གཏན་འཁེལ་མེད་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་གཅོག་དགོས། དཔལ་འབྱོར་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ཆ་ནས་ཧོ་ནན་གྱིས་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་སྟེ། ཚན་རྩལ་གསར་གཏོད་ཁྲིད་སྟོན་དུ་བྱེད་པ་དང་ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་ནུས་པ་ཆེ་རུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། དེང་རབས་ཞིང་ལས་ཀྱི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་ཁྲིད་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་དགོས། འབབ་ཁུལ་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ལ་རྒྱུན་བསྲིང་ལྷོད་མེད་ངང་ཤུགས་སྣོན་རྒྱག་པ་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧོ་ནན་གྱི་མི་འབོར་གྱི་བསྡོམས་འབོར་དང་། མི་འབོར་འདུས་ཚད། མི་འབོར་སྐོར་སྐྱོད་བྱེད་ཚད་བཅས་ཚང་མ་ཅུང་ཆེ་ཙམ་ཡོད་པ་དང་། སྤྱི་ཚོགས་ཀྱི་གནད་དོན་སྣེ་མང་རྙོག་འཛིང་ཆེ་བས་ངེས་པར་དུ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཏང་གི་འགོ་ཁྲིད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། སྔར་བས་མང་ཚོགས་གོང་བུ་གཅིག་ཏུ་སྒྲིལ་བ་དང་ཁོང་ཚོར་ཞབས་འདེགས་ཞུ་བ་དང་། མང་ཚོགས་ཀྱི་ཁེ་ཕན་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཁ་ཞེ་གཉིས་མེད་ཀྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། གཞི་རིམ་ལ་དམ་འཛིན་དང་། རྨང་གཞི་བརྟན་གཏོང་། རྩ་བ་བརྟན་འཛུགས་བཅས་མངོན་གསལ་དོད་པོས་བྱས་ནས། ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་གཞི་རིམ་དུ་ཕྱོགས་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་བཅོས་སྐྱོང་གི་ལས་དོན་ཁག་འཕྲེད་ཀྱི་མཐའ་ཟིན་པ་དང་གཞུང་གི་མཐིལ་ཐུག་པར་བྱེད་དགོས། ཁྲིམས་སྐྱོང་དང་ཡིད་རྟོན་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཁྲིམས་སྐྱོང་གིས་སྤྱི་ཚོགས་བཅོས་སྐྱོང་ཚད་ལྡན་བཟོ་བ་དང་དེར་འགན་ལེན་བྱེད་པའི་ནུས་པ་ཡག་པོ་འདོན་པ་དང་། གཞུང་དྲང་ཡིད་རྟོན་གྱི་རིན་ཐང་གི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་གཞུང་གི་ཡིད་རྟོན་དང་། ཁེ་ལས་ཀྱི་ཡིད་རྟོན། སྤྱི་ཚོགས་ཀྱི་ཡིད་རྟོན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་བྱེད་པར་དམ་པོར་དམིགས་ཏེ། སྤྱི་ཚོགས་ཀྱི་བདེ་འཇགས་ལ་སྤྱི་ཡོངས་ནས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་ནུས་ལྡན་ངང་བསལ་ཏེ་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་དུས་བབ་གསར་པའི་འོག་གི་ཏང་གི་མང་ཚོགས་ལས་དོན་གྱི་ཆོས་ཉིད་ལ་ཕྱོགས་སྡོམ་བྱེད་མཁས་པོ་བྱས་ཏེ། སྤྱི་ཚོགས་ཚོགས་སྤྱི་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ནས་ལས་དོན་ཞིབ་ཕྲ་དང་ཏན་ཏིག་སྒྲུབ་དགོས། ཕྱི་ཚུལ་རིང་ལུགས་ལ་བཅོས་སྐྱོང་ཏན་ཏིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། གཞི་རིམ་ལས་བྱེད་པས་བློ་ཁོག་ཆེན་པོས་ལས་ཀ་བྱེད་པ་དང་དབང་གྲགས་གཏོད་པར་རྒྱབ་སྐྱོར་བྱེད་པ། མང་ཚོགས་ཀྱིས་རང་ཉིད་ཀྱི་འཇོན་ཐང་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཏང་ཀྲུང་དབྱང་གི་ཁ་དན་ཚིག་གནས་ཀྱི་བྱ་སྤྱོད་ཅིག་ཡིན་ལ། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་ཤིག་ཀྱང་ཡིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ད་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ཞིག་ཡིན། སློབ་སྦྱོང་དང་། བཤེར་འདོན། དག་ཐེར་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཐད་ཤུགས་སྣོན་བརྒྱབ་ནས། ཏང་ཡོན་ལས་བྱེད་པ་མི་སྒེར་གྱི་བཤེར་འདོན་དག་ཐེར་དང་རྩ་འཛུགས་ཀྱི་བཤེར་འདོན་དག་ཐེར་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། སྤྱོད་ཚུལ་གྱི་ལྡོག་མེད་བླང་བྱ་དག་ལྡོག་མེད་བྱ་ཐབས་ལ་ཏན་ཏིག་འགྱུར་བ་དང་དམ་ནན་སྒྲིག་སྲོལ་ལ་བརྟེན་ནས་གཅུན་སྡོམ་ནན་པོ་བྱས་ཏེ། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། བཤེར་འདོན་ལ་ཤུགས་ཚད་ལྡན་པ། དག་ཐེར་ལ་ཕན་འབྲས་ཐོན་པ་བཅས་བྱེད་དགོས། སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་རང་འགན་གཙང་སྒྲུབ་ནན་ཏན་བྱས་ནས། ལས་ཀའི་གཙོ་གནད་དེ་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་ཐད་བཞག་སྟེ་མཛུབ་ཁྲིད་གནད་སྨིན་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ཚུན། རང་རྒྱལ་གྱི་ས་ཁུལ་ཁ་ཤས་སུ་ཐན་སྐྱོན་ཐོན་པ་དང་ཁག་གཅིག་ལ་སྔར་བཞིན་ཐན་སྐྱོན་ཐོན་བཞིན་ཡོད་པས། འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་དམ་ཟབ་བྱས་ནས། ཆུ་སྤྱོད་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཆུ་མཁོ་སྤྲོད་དང་ཞིང་ཆུ་འདྲེན་པའི་དགོས་མཁོར་འགན་ལེན་བྱེད་དགོས། ཐན་སྐྱོན་ཐོན་ཚེ་ཞོད་སྐྱོན་འབྱུང་སྲིད་པས་ཐན་ཞོད་གནོད་འཚེར་སྔོན་འགོག་ནན་པོ་བྱེད་དགོས། འབྲུབ་དུས་ཤར་བས་ས་གནས་ཁག་གིས་འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་ཐད་ངེས་པར་དུ་གྲ་སྒྲིག་ཞིབ་ཚགས་བྱས་ཏེ། སྔོན་ཇུས་གང་ལེགས་བཟོ་བ་དང་ཁ་གཏད་ཡག་པོ་གཅོག་ཐུབ་པར་འགན་ལེན་བྱེད་དགོས། གློ་བུར་དུ་ཆུ་ལོག་དང་ཆུ་རུད་སོགས་རང་བྱུང་གནོད་འཚེ་ཐོན་སླ་བའི་ས་ཁུལ་དུ་འཕྲལ་སྡོམ་ཐག་གཅོད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས།
ཧོ་ལི་ཧྥུང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་གཉིས་པའི་འགན་འཁུར་བློ་མཐུན་སྙན་ཞུའི་ཚོགས་འདུར་ཞུགས་ཡོད།