ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞལ་ཐང་ཆེན་མོ་འདི་བོད་ལྗོངས་རྟེན་མཛོད་ཁང་དུ་འགྲེམས་སྟོན་བྱས་པ།

སྤེལ་དུས 2025-06-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཉེ་དུས། 《རྫོགས་ལྡན་གྱི་ཀྲུང་ཧྭར་ལེགས་སྐྱེས་ཕུལ། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་ཞེས་པ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུ་བའི་ཐང་ག་ཆེ་གྲས་འགྲེམས་སྟོན》བོད་ལྗོངས་རྟེན་མཛོད་ཁང་དུ་སྤེལ།  ད་ཐེངས་ཀྱི་འགྲེམས་སྟོན་ཐོག་ཏུ་རིང་ཚད་ལ་སྨི200ཡོད་པའི་ཞལ་ཐང་ཆེན་མོ་སྟེ། 《པུར་རྒྱལ་བཙན་པོའི་འཁྲུངས་རབས་ཞལ་ཐང་གསེར་གྱི་མེ་ལོང》ཞེས་པ་འགྲེམས་སྟོན་བྱས་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་རིག་གནས་ཀྱི་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་ཡོད།
འགྲེམས་སྟོན་གྱི་ཡུལ་དངོས།
      འགྲེམས་སྟོན་ཡུལ་དངོས་སུ་སྨི200ཡོད་པའི་ཞལ་ཐང་གིས་མཚོ་བོད་མཐོ་སྒང་གི་རིག་གནས་ཀྱི་འབྱུང་རྩ་གསོན་ཉམས་དོད་པོའི་ངང་ནས་མངོན་ཡོད་ལ། བོད་ལྗོངས་ཀྱི་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཁོར་ཡུག་སྲུང་སྐྱོང་ཁུལ་ཐོག་མའི་ངོས་ནས་རྩེ་གདོང་རིག་གནས་སྲུང་སྐྱོང་ཁུལ་གཏོད་པའི་གྲུབ་འབྲས་དེ་ད་ཐེངས་ཀྱི་འགྲེམས་སྟོན་ཐོག་མངོན་ཐུབ་ཡོད།  
      འགྲེམས་སྟོན་འགན་འཁུར་བ་རྡོ་རྗེས་གསུངས་དོན། “ང་ཚོས་སྒྱུ་རྩལ་གྱི་བརྩམས་ཆོས་ཆེན་པོ་འདི་འདྲ་ཞིག་ལེགས་གྲུབ་བྱུང་བ་མ་ཟད། ད་དུང་བོད་རྒྱ་དབྱིན་ཡིག་རིགས་གསུམ་གྱི་རྩ་ཆེའི་གཞུང་ལུགས་ཀྱང་མཉམ་དུ་སྤེལ་ཡོད་པས། ལག་ཤེས་རྒྱུན་འཛིན་ནས་རིག་གནས་བརྒྱུད་བསྒྲགས་བར་གྱི་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད”
      འགྲེམས་སྟོན་བྱས་པའི་ཞལ་ཐང་ཆེན་མོ《པུར་རྒྱལ་བཙན་པོའི་འཁྲུངས་རབས་ཞལ་ཐང་གསེར་གྱི་མེ་ལོང》དེ་ནི་ཕུན་ཚོགས་སྟོབས་རྒྱལ་སོགས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རྩེ་གདོང་གི་ལྷ་རིས་པ30ལྷག་གིས་འབྲི་བཞེངས་གནང་ཡོད་ལ། ཞལ་ཐང་འབྲི་བཞེངས་ལ་དུས་ཡུན་བགྲང་བྱ9སྤྱད་པ་དང་།  རྩ་ཆེའི་གཞུང་ལུགས་རྩོམ་སྒྲིག་བྱེད་པར་བགྲང་བྱ3སྤྱད་ཡོད། ལྷག་པར་གླེང་རིན་ཡོད་པ་ཞིག་ལ།  ཞལ་ཐང་ཆེན་མོ་འབྲི་བཞེངས་གནང་མཁན་ཚོས་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག བློ་སྤོབས་ཆེན་པོས་གསར་གཏོད་ཀྱིས་སྲོལ་རྒྱུན་གྱི“ལྷ་གཟུགས”འབྲི་སྟངས་ནས“མི་གཟུགས”འབྲི་སྟངས་བར་གྱི་ཚད་བརྒལ་རང་བཞིན་གྱིས་པུར་རྒྱལ་བཙན་པོའི་རྒྱལ་རབས་ཀྱི་མི་སྣའི་གཟུགས་བརྙན་མངོན་ཡོད།
འགྲེམས་སྟོན་གྱི་ཡུལ་དངོས།
ཞལ་ཐང་ཆེན་མོ《པུར་རྒྱལ་བཙན་པོའི་འཁྲུངས་རབས་ཞལ་ཐང་གསེར་གྱི་མེ་ལོང》
      ཞལ་ཐང་ཆེན་མོ་འབྲི་བཞེངས་གནང་མཁན་གྱི་འཐུས་མི་ཕུན་ཚོགས་སྟོབས་རྒྱལ་གྱིས་གསུངས་དོན། “བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་ཕུལ་བའི་བརྩམས་བྱ་ཆེན་པོ་དེ་འདི་གར་འགྲེམས་སྟོན་ཐུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ལྷ་རིས་པ30ལྷག་གི་བློ་གྲོས་གཞི་གཅིག་ཏུ་བསྡུས་པའི་བརྩམས་ཆོས་འདི་ནི་ང་ཚོས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱ་གཞག་ལ་ཕུལ་བའི་དྲིས་ལན་ཡག་ཤོས་དེ་ཡིན”
      འགོ་ཚུགས་མཛད་སྒོའི་ཐོག་ད་དུང་གཟེངས་རྟགས་སྤྲད་པའི་མཛད་སྒོ་འཚོག་ནས།  ཞལ་ཐང་ཆེན་མོ་འབྲི་བཞེངས་ནང་ཞུགས་མཁན་ལྷ་རིས་པ་རྣམས་ལ་བཀའ་དྲིན་ཞུས་ཡོད། “མ་འོངས་པར་ང་ཚོས་ད་དུང་རྣམ་གླིང་རྫོང་ཞལ་ཐང་ཆེན་མོ་མཐུན་ཚོགས་ཀྱི་མིང་ཐོག་ནས་རྒྱུན་འཛིན་པ་རྩེ་གྲ་གསོ་སྐྱོང་བྱས་ཏེ། རྩེ་གདོང་ཐང་གའི་སྒྱུ་རྩལ་འཛམ་བུ་གླིང་ལ་ཁྱབ་པ་བྱེད་ཀྱི་ཡིན”ཞེས་ཕུན་ཚོགས་སྟོབས་རྒྱལ་གྱིས་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད་བྱུང་།