བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་དོན་སྙིང་གལ་ཆེན་དང་མིག་ལྟོས་རིན་ཐང་སྐོར་གྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས།
སྤེལ་དུས 2025-07-17
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ཟླ7པའི་ཚེས15ཉིན། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་དོན་སྙིང་གལ་ཆེན་དང་མིག་ལྟོས་རིན་ཐང་སྐོར་གྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་ཡོད། ཚོགས་འདུ་དེ་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་འཚོགས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་གཟི་བརྗིད་འཕེལ་རིམ་དང་རླབས་ཆེན་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ་མ་ཟད་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་དོན་སྙིང་གལ་ཆེན་དང་མིག་ལྟོས་རིན་ཐང་མཉམ་དུ་འཚོལ་ཞིབ་བྱས་ཡོད།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་བྱ་དགྲ་འདུལ་ལགས་ཀྱིས་གཙོ་གཉེར་བྱེད་མཁན་ཕྱོགས་ཀྱི་སྐུ་ཚབ་ཞུས་ནས་ཤིས་ཚིག་བསྒྲོན་ཡོད། ཁོང་གིས། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དེས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད་ལ། བོད་ལྗོངས་ཀྱི་སྤྱི་ཚོགས་ལམ་ལུགས་ལ་མཆོང་བརྒལ་གསར་པ་མངོན་གྱུར་བྱུང་བ་དང་། བོད་ལྗོངས་མི་དམངས་ནས་རང་བདག་ངང་རང་ས་ཁུལ་གྱི་བྱ་དོན་ལ་དོ་དམ་བྱེད་པའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། དེ་བས་འཛམ་གླིང་ཡང་རྩེར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དཔྱིད་དཔལ་གསར་པ་བསུ་ཐུབ་པ་བྱུང་ཡོད། ལོ་ངོ་དྲུག་ཅུའི་རིང་། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་འཛམ་གླིང་སྐྱེ་བོ་ཀུན་ཧང་སངས་དགོས་པའི་གྲུབ་འབྲས་ཐོབ་པ་དང་། གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པ་རྣམས་ནས་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་དང་ཉམས་མྱོང་མཉམ་སྤྱོད་ཀྱིས་རིག་གཞུང་ཞིབ་འཇུག་ཐད་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་བྱ་རྒྱུ་མཐའ་འཁྱོངས་དང་། སྤེལ་རེས་དང་དགོངས་འཆར་བརྗེ་རེས་གནང་ནས་བོད་ལྗོངས་ཀྱི་གོང་འཕེལ་དང་ཡར་ཐོན་ཆེད་ཐབས་འདོན་ཇུས་འབུལ་གནང་སྟེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་རྒྱུར་བོད་རིག་པའི་ཁྱབ་ཁོངས་ཀྱི་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད།

ནེ་པ་ལའི་ཆེད་ལས་གསར་འགྱུར་ཞིབ་འཇུག་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་ཞི་ལུའུ་ཆི་ཧྲི་ལེ་སི་ཐ་ཡིས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60སོང་རིང་སྤྱི་ཚོགས་བརྟན་ལྷིང་དང་། རིག་གནས་དཔལ་འབྱོར་དར་རྒྱས་གོང་འཕེལ་བྱུང་ཡོད། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འཕེལ་རྒྱས་དང་ཡར་ཐོན་བྱུང་བ་དེ་ནི་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་གྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱི་དཔེ་མཚོན་བསྡུས་རིས་ཤིག་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་འཛམ་གླིང་ཡང་རྩེར་མིའི་རིགས་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་པ་ཞིག་རེད། དུས་རབས་གསར་པར། བོད་ལྗོངས་ནི་ཀྲུང་གོས་ཨ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། ཉེ་འཁོར་རྒྱལ་ཁབ་དང་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་བྱེད་པར་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་ཡོད།
ཨོ་སི་ཁྲུ་ལི་ཡའི་ཕྱིར་སྡོད་བོད་རིགས་སྤུན་ཟླ་དཀོན་མཆོག་རྒྱ་མཚོས། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དེའི་ཐོག་ནས་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་ཞིག་འགོ་ཚུགས་པ་མཚོན་ཡོད། ལོ60ཡི་རིང་བོད་ལྗོངས་ལ་སྔར་བྱུང་མེད་པའི་དེང་རབས་ཅན་གྱི་འཕེལ་རྒྱས་བྱུང་བ་དང་། རྨང་གཞིའི་སྒྲིག་བཀོད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ། མཐའ་མཚམས་ས་ཁུལ་ཁག་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་དང་འཕྲིན་གཏོང་དྲ་བ་དང་ཁྱོན་ཡོངས་ནས་སྦྲེལ་མཐུད་ཐུབ་པ་བྱུང་བ། སློབ་གསོ་དང་སྨྱན་སྦྱོར། སྒྱུ་རྩལ་སོགས་ཁྱབ་ཁོངས་སུ་བོད་སྐད་ཡིག་དང་སྲོལ་རྒྱུན་རིག་གནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་རང་མོས་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ་བཅས་བྱུང་ཡོད། ཀྲུང་གོའི་མི་རིགས་སྲིད་ཇུས་དང་ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱི་སྲིད་ཇུས་བར་ངོ་བོའི་རང་བཞིན་གྱི་ཁྱད་པར་ཡོད་པ་དེ་ངོས་འཛིན་གསལ་པོ་ཐུབ་པ་བྱ་དགོས་ཞེས་གསུངས་ཡོད།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ། ཞིབ་འཇུག་པ་སྐལ་བཟང་སྒྲོལ་མ་དང་། ལོ་རྒྱུས་ཞིབ་འཇུག་ཁང་གི་འགོ་འཛིན། ཞིབ་འཇུག་པ་ཡན་ཡུང་ཧྲེང་། ཆོས་ལུགས་ཞིབ་འཇུག་ཁང་གི་འགོ་འཛིན། ཞིབ་འཇུག་པ་ལྷ་བྱམས་རྒྱལ། དེང་རབས་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲང་ཧྲི་ཀའོ། བོད་ལུགས་གསོ་རིག་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ། ཞིབ་འཇུག་པ་ཧྥེང་ཤིན། དཔེ་མཛོད་ཁང་གི་འགོ་འཛིན་གཞོན་པ། ཞིབ་འཇུག་པ་མི་ཆིའུ་དབྱི་ཧྭ་བཅས་ཀྱིས་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པའི་གཏམ་བཤད་ལ་དཔྱད་བརྗོད་གནང་བ་དང་། རིགས་གཅིག་མཁས་ཅན་དང་ཤེས་ལྡན་པའི་གཏམ་བཤད་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་དོན་སྙིང་ཟབ་མོ་དང་མིག་ལྟོས་རིན་ཐང་ལ་དམིགས་ནས་མ་ལག་ལྡན་པ་དང་། དགོངས་ཚུལ་ཟབ་མོའི་ཐོག་གནང་བ་ཡིན་པའི་ངོས་འཛིན་བྱས་ཡོད། གཏམ་བཤད་ནང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བ་ནི་བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས།མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་དུས་སྐབས་ཤིག་ཡིན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེན་པོ་དང་གསོན་ཤུགས་ཆེན་པོ་གང་ལེགས་མངོན་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་ཡོད། གཏམ་བཤད་ནང་། ལོ་རྒྱུས་ཀྱི་གྲུབ་འབྲས་ལ་ཕྱིར་དྲན་གནང་བ་མ་ཟད། ལོ་ངོ60ཡི་འཕེལ་རྒྱས་ལག་ལེན་ནང་འདུས་པའི་ཡོངས་ཁྱབ་རང་བཞིན་དང་ཆོས་ཉིད་རང་བཞིན་ལྡན་པའི་རྩ་ཆེའི་ཉམས་མྱོང་དང་མིག་ལྟོས་རིན་ཐང་གཙོ་གནད་དུ་བཟུང་ནས་བསྡུ་ལེན་གནང་ཡོད། བསམ་གཞིགས་དང་བློ་གྲོས་དེ་དག་ལས་དུས་རབས་གསར་པར་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལག་ལེན་ལ་བསམ་པའི་སྒུལ་ཤུགས་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་ཐུབ་རྒྱུ་སྨོས་མེད་རེད།