ཟླ་7ཚེས་15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ཨར་པ་ཉི་སིས་ཙུང་ལིའི་འགན་མུ་མཐུད་བཞེས་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་ཉེ་བའི་ལོ་ཤས་རིང་རིམ་བཞིན་ལེགས་སུ་ཕྱིན་ནས་ལེགས་ལམ་དུ་བསྐྱོད་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དངོས་དངོས་རྗེན་རྗེན་བསྐྲུན་ཡོད། དེས་ང་ཚོར་བློ་སྒོ་ཆེ་ཤོས་འབྱེད་པ་ནི། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག གཉིས་ཕན་མཉམ་ལས་བཅས་མཐའ་འཁྱོངས་བྱེད་པ་དེ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད།
རྒྱལ་སྤྱིར་འགྱུར་ལྡོག་ཇི་ལྟར་བྱུང་ཡང་ཚང་མས་ཁ་ཕྱོགས་ཆེན་པོ་འདིར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་བྱས་པ་དེ་ཡིན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ལོ་10གཉིས་པ་འགོ་ཚུགས་པས། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་མདུན་ཕྱོགས་དང་ལེགས་པའི་ཕྱོགས་སུ་སྔར་བས་འཕེལ་རྒྱས་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་ཕྱོགས་གཉིས་པོས་དང་ཐོག་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། ཀྲུང་གོས་ཞི་བདེ་འཕེལ་རྒྱས་གཏོང་བའི་ཆོད་སེམས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་མཐའ་འཁྱོངས་དང་། ཐུན་མོང་འཕེལ་རྒྱས་གཏོང་བའི་འདུ་ཤེས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་མཐའ་འཁྱོངས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། རྒྱལ་ཁབ་ཁག་དབར་མཐུན་སྒྲིལ་མཉམ་ལས་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་དང་། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་ནས་ས་ཁུལ་ཞི་བདེ་དང་། འཕེལ་རྒྱས། དར་རྒྱས་བཅས་ཡོང་བར་སྐུལ་སྤེལ་གཏོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ཕྱོགས་གཉིས་པོས་ངེས་པར་དུ་ཡང་དག་པའི་ངེས་ཤེས་ཡོང་རེས་མཐའ་འཁྱོངས་བྱས་ཏེ་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། གཉིས་ནས་གཉིས་ཁེ་མཉམ་ལས་རྒྱ་སྐྱེད་གཏིང་ཟབ་ཡོང་བར་བྱེད་དགོས། ལོ་16རིང་། ཀྲུང་གོ་ནི་སྔ་ཕྱི་བར་གསུམ་དུ་ཨོ་སི་ཁྲུ་ལི་ཡའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཤིག་ཡིན་པ་དང་། ཀྲུང་གོར་ཚོང་དོན་གཉེར་བ་ལས་ཨོ་སི་ཁྲུ་ལི་ཡར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་ཡོད། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཏེ། ཁེ་ཕན་གནས་ས་དང་མཉམ་ལས་ཀྱི་འཕར་གཞི་སྔར་བས་མང་བ་བཏོད་ནས་མཉམ་ལས་ཀྱི་རིམ་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། གསུམ་ནས་མི་དམངས་དབར་གྱི་མཛའ་གཅུགས་རྒྱ་ཁྱབ་ཏུ་སྐྱེད་སྲིང་བྱེད་དགོས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་པ་ནི་གཅིག་ལ་གཅིག་མཐུན་དང་། མཛའ་གཅུགས་ནི་ལྷག་བསམ་ལྡན་པ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་ལས་རིགས་ཁག་གི་མི་སྣ་སྔར་ལས་མང་བ་ཀྲུང་གོར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་མ་ཟད། ཨོ་སི་ཁྲུ་ལི་ཡའི་གཞོན་ནུ་ལོ་ཆུང་སྔར་ལས་མང་བ་ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་འཚམས་འདྲིར་གདན་དྲངས་ཏེ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་མཛའ་མཐུན་ལྗོན་པའི་ཡལ་འདབ་སྟུག་པོ་རྒྱས་པར་བྱེད་འདོད་ཡོད། བཞི་ནས་ཉེན་ཁའི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་དགོས། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་མདུན་དུ་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་ལ་སྲུང་སྐྱོང་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་གཞིར་སྲུང་སྐྱོང་བྱས་ནས། རྒྱལ་སྤྱིའི་སྒྲིག་གཞི་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཨར་པ་ཉི་སིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་འབྲེལ་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག གཉིས་ཁེ་མཉམ་ལས་བཅས་བྱས་ནས་ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། དེ་ནི་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ། ས་ཁུལ་བརྟན་ལྷིང་དང་དར་རྒྱས་ཡོང་བར་ཡང་ཕན་པ་ཡོད་པ་ཞིག་ཡིན། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་ནས“ཐའེ་དབན་རང་བཙན”ལ་རྒྱབ་སྐྱོར་བྱེད་ཀྱི་མེད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམ་པ་མང་བའི་འགྲོ་འོང་དང་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་བྱས་ཏེ་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། ཀྲུང་གོའི་འཕེལ་རྒྱས་དེ་ཨོ་སི་ཁྲུ་ལི་ཡའི་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་ཡོད་པས། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་དཔལ་འབྱོར་གྱི་འབྲེལ་རྒྱུན་གཅོད་འདོད་གཏན་ནས་མེད་པར་དེ་ལས་ལྡོག་སྟེ་ཕྱོགས་གཉིས་པོའི་ཚོང་དོན་ཤར་བགྲོད་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ལྗང་མདོག་ཐོན་ལས་དང་། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྨན་བཅོས་ལག་རྩལ་སོགས་ཁྱབ་ཁྱོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་འདོད་ཡོད་ལ། ཡུལ་སྐོར་དང་། སློབ་གསོ། ལུས་རྩལ་སོགས་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་བརྒྱབ་ནས་མི་དམངས་དབར་ཕན་ཚུན་བསམ་ཤེས་བྱེད་རེས་ལ་སྐུལ་འདེད་ཀྱང་གཏོང་འདོད་ཡོད། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་མདུན་དུ་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་གལ་ཆེན་འདོན་རྒྱུར་རྒྱབ་སྐྱོར། རང་མོས་ཚོང་དོན་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལ་མཉམ་དུ་སྲུང་སྐྱོང་བཅས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་དེ་བས་མང་བའི་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་མཁོ་འདོན་བྱེད་འདོད་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོས་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་བར་རྒྱབ་སྐྱོར་བྱེད་ཀྱི་ཡིན།
ཝང་དབྱི་མཇལ་འཛོམས་ལ་ཞུགས་ཡོད།