པཎ་ཆེན་རིན་པོ་ཆེས་ཆབ་མདོར་ཆོས་ཕྱོགས་ཀྱི་མཛད་སྒོ་སོགས་སྤེལ་ནས་་་
སྤེལ་དུས 2025-07-24
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཉིན་ཤས་ཀྱི་རིང་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་དང་། དཔའ་ཤོད་རྫོང་། ཁ་རུབ་ཆུས། ལྷོ་རོང་རྫོང་། དཔལ་འབར་རྫོང་སོགས་སུ་སྤྱི་ཚོགས་ཀྱི་བརྟག་ཞིབ་གནང་བ་དང་འབྲེལ་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་ནས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་གནང་བ་རེད།

མཛོ་སྒང་རྫོང་དུ་མི་རིགས་མཐུན་སྒྲིལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་རིང་། པཎ་ཆེན་རིན་པོ་ཆེས་གསུངས་དོན། བདེ་སྐྱིད་ལྡན་པའི་འཚོ་བ་ནི་འབད་འཐབ་ལས་བྱུང་བ་ཞིག་ཡིན་ཞིང་། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ང་ཚོའི་སྣེ་ཁྲིད་དེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། བདེ་སྐྱིད་ལྡན་པའི་འཚོ་བ་ནི་གཅེས་སྤྲས་བྱེད་དགོས་པ་ཞིག་ཡིན་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས“འདུ་ཤེས་གསུམ”གྱི་སློབ་གསོ་རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏང་སྟེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། ཕྱར་བ་གྲུ་འདེགས་ཀྱིས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས།

ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་བོད་ལྗོངས་ལྷ་ཡི་བདུད་རྩི་བོད་སྨན་ཚད་ཡོད་ཀུང་སི་དང་ལྷོ་རོང་རྫོང་སྨན་རྩིས་ཁང་དུ་པཎ་ཆེན་རིན་པོ་ཆེས་གནས་ཚུལ་ངོ་སྤྲོད་ལ་ནན་ཏན་གསན་པ་མ་ཟད། བོད་ལུགས་གསོ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་། ཕྱིར་ཚོང་གཞི་ཁྱོན། ལག་རྩལ་གསར་གཏོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ནད་པར་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ་ཁོ་ཚོ་སྔ་ཙམ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་པ་རེད། བོད་ལུགས་གསོ་རིག་གི་ལས་དོན་པར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། སྙིང་བཅུད་རྒྱུན་འཛིན་དང་གཞུང་འཁྱོངས་གསར་འབྱེད་བྱེད་པ་དང་། བོད་ལུགས་གསོ་རིག་གི་བྱ་གཞག་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ཕན་བདེ་སྐྲུན་པ་བཅས་བྱས་ཏེ། བདེ་ཐང་བོད་ལྗོངས་མགྱོགས་མྱུར་སྐྲུན་པར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།

ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་ནི་ཇ་རྟའི་གནའ་ལམ་གྱི་ས་ཚུགས་གལ་ཆེན་དང་བོད་ལྗོངས་སུ་སྐྱོད་པའི་གྲོང་རྡལ་གལ་ཆེན་ཞིག་ཡིན་ཞིང་། གནའ་སྔ་མོ་ནས་བཟུང་། མི་རིགས་ཁག་གི་དཔལ་འབྱོར་དང་རིག་གནས་སྤེལ་རེས་ཀྱི་བར་ཁྱམས་ཡིན་པས། མི་རིགས་མཐུན་སྒྲིལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། པཎ་ཆེན་རིན་པོ་ཆེ་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་རིག་གནས་སྒྲིག་གཤོམ་ཁང་དུ་ཕེབས་ནས་ལྷོ་རོང་རྫོང་གི་ལོ་རྒྱུས་དང་། ཇ་རྟའི་གནའ་ལམ་གྱི་རིག་གནས། མི་རིགས་མཐུན་སྒྲིལ་དང་གསར་བརྗེའི་རིག་གནས་བཅས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཚང་མར་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མུ་མཐུད་རྩོམ་པ་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་བཟང་མི་རབས་ནས་མི་རབས་བར་དར་བ་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།

ཆབ་མདོར་བཞུགས་རིང་། པཎ་ཆེན་རིན་པོ་ཆེ་མཛོ་སྒང་རྫོང་གི་མཛོ་སྒང་དགོན་དང་ཐེམ་དགོན་དང་། དཔའ་ཤོད་རྫོང་གི་ཚ་སྟོད་གནས་རབ་དགོན་དང་དཔའ་ཤོད་དགོན། ཁ་རུབ་ཆུས་ཀྱི་ཀརྨ་དགོན། ལྷོ་རོང་རྫོང་གི་གཞི་བཀྲམ་དགོན་དང་རྫི་ཐོ་དགོན་དང་ཤོ་པ་མདོ་དགོན། དཔལ་འབར་རྫོང་གི་ལྷ་རྩེ་དགོན་དང་ལྕགས་རྭ་དགོན་དང་དཔལ་འབར་དགོན་དང་རྒྱ་མཚོ་གླིང་དགོན་བཅས་སུ་ཕེབས་ནས་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་གནང་བ་རེད། དགོན་པ་ཁག་གིས་ཆོས་ལུགས་ཀྱི་གུས་སྲོལ་རྒྱས་ཤོས་ཐོག་ནས་པཎ་ཆེན་རིན་པོ་ཆེ་གདན་དྲངས་ཤིང་། པཎ་ཆེན་རིན་པོ་ཆེས་གྲྭ་དམངས་ལ་ཞལ་འདོན་དབུ་སྐུལ་གནང་བ་དང་ཆར་ཆུ་དུས་སུ་འབབ་པ་དང་རྒྱལ་དམངས་བདེ་ལ་འཁོད་པའི་གསོལ་བ་སྨོན་ལམ་བཏབ་གནང་བ་རེད།