ཤེས་ལྡན་པ2156ཚང་མ་བོད་ལྗོངས་སུ་འབྱོར་འདུག
སྤེལ་དུས 2025-07-29
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཟླ7པའི་ཚེས27ཉིན། ཀྲུང་དབྱང་གི་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་རི་ཀླུང་མང་པོ་བརྒལ་ནས་བོད་ལྗོངས་སུ་འབྱོར་ཞིང་། དུས་ཡུན་ལོ་གསུམ་ནང་ཁོང་ཚོས་སྤྲོ་སེམས་འཁོལ་པོས་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ནས། དུས་རབས་གསར་པའི་བོད་སྐྱོར་ལས་དོན་གྱི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཁྱོན2156ཡོད་པ་ནི་ཞིང་ཆེན་དང་གྲོང་ཁྱེར17དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་དང་དེ་བཞིན་མི་དམངས་ཚོགས་པ76ཀྲུང་དབྱང་དོ་དམ་དངུལ་རྩའི་ཁེ་ལས1ཀྲུང་དབྱང་དོ་དམ་ཁེ་ལས27བཅས་ནས་ཡིན་ཞིང་། རོགས་སྐྱོར་བྱ་ཡུལ་ནི་སློབ་གསོ་དང་། སྨན་བཅོས། ཚན་རྩལ། ཞིང་འབྲོག ཐོན་ལས་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་དང་། ལྗོངས་ཡོངས་ཀྱི་རྫོང(ཆུས་དང་གྲོང་ཁྱེར)74དང་རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་མང་ཆེ་བར་རོགས་སྐྱོར་ཐོབ་ཡོད།
བོད་སྐྱོར་ལས་བྱེད་པས་བོད་ལྗོངས་སུ་འབྱོར་ཐོ་བཀོད་རྗེས། ཁོང་ཚོར་དུས་ཡུན་ཉིན་ལྔའི་རིང་གི་ལས་སྔོན་གྱི་གསོ་སྦྱོང་བྱ་རྒྱུ་ཡིན་ཞིང་། གཙོ་བོ་བོད་ལྗོངས་ས་ཁུལ་གྱི་གནས་ཚུལ་དང་། སྤྱི་ཚོགས་ཀྱི་གནས་ཚུལ། དམངས་ཀྱི་གནས་ཚུལ་བཅས་དང་། ལས་བྱེད་ཤེས་ལྡན་པའི་བོད་སྐྱོར་ལས་དོན། དཔལ་འབྱོར་འཕེལ་རྒྱས། ས་མཐོའི་བདེ་ཐང་བདེ་སྲུང་སོགས་ཀྱི་ནང་དོན་ཡིན་པ་རེད།
རྒྱལ་ཁབ་ཆུ་བེད་པུའི་བོད་སྐྱོར་ལས་བྱེད་པ་ཚུའེ་ཞའོ་ཡུས་ནི་བོད་ལྗོངས་སུ་ཡོང་ཐེངས་གཉིས་པ་ཡིན་ཞིང་། དེ་སྔོན་ནག་ཆུར་བརྟག་ཞིབ་ལས་དོན་ནང་ཟླ་བ་གསུམ་ཞུགས་མྱོང་བ་དང་བོད་ལྗོངས་ལ་བརྩེ་དུང་ཟབ་མོ་ཆགས་ཡོད་པས་ད་ཐེངས་རང་འགུལ་ངང་བོད་སྐྱོར་ལས་དོན་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད། ཚུའེ་ཞའོ་ཡུས་ཀྱིས“ཆུ་བེད་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ངས་བོད་ལྗོངས་ཀྱི་ཆུའི་ཐོན་ཁུངས་གསར་སྤེལ་དང་ཆུའི་ཁོར་ཡུག་སྲུང་སྐྱོང་ཐད་ལེགས་སྐྱེས་ཕུལ་རྒྱུ་བྱུང་བས་གཟི་བརྗིད་ཆེན་པོ་སྐྱེས་ཀྱི་འདུག”ཅེས་བཤད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཡོང་བའི་བོད་སྐྱོར་ལས་བྱེད་པ་ཆིན་ཁུན་གྱིས“ད་ལྟ་བོད་སྐྱོར་ལས་དོན་ལ་འགྱུར་ལྡོག་ཤུགས་ཆེན་བྱུང་ནས། སྔོན་ཆད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དམངས་འཚོའི་ཐ་སྐྱོང་གཙོ་བོར་འཛིན་པ་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་བསྒྱུར་ཡོད། དུས་རབས་གསར་པའི་བོད་སྐྱོར་ལས་དོན་ཐད་ངས་མུ་མཐུད'བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དར་སྤེལ་བཏང་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད།