དིང་རིའི་ས་ཡོམ་རྒྱག་ཁུལ་དུ་འབྱོར་བའི་ལག་རྟགས་རྩེ་གྲ།
སྤེལ་དུས 2025-08-01
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
ཟླ7པའི་ཚེས27ཉིན། ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སི་དིང་རི་རྫོང་ཡན་ལག་ཀུང་སིའི་སྦྲག་པ་འཇམ་དབྱངས་ཤེས་རབ་ཀྱིས་རྒྱུན་གཏན་ལྟར་མོ་ཊ་བཏང་ནས་གཞོལ་ལུང་གྲོང་ཚོར་བསྐྱོད། དེ་ཉིན་ཁོང་གིས་ཀྲུང་དབྱང་ཁྲིམས་འཛིན་ཉེན་རྟོག་དཔོན་སློབ་གླིང་གི་སློབ་ཚུད་བརྡ་ཐོ་ཞིག་འཁྱེར་ཡོད་པ་དེ་བཀྲ་ཤིས་ཚེ་རིང་ལ་སྐྱེལ་བར་འགྲོ་དགོས་པས། དུས་རྒྱུན་གྱི་སྦྲག་བསྐུར་སྐྱེལ་བ་ལས་ཀྱང་དོན་སྙིང་ལྷག་པར་ཆེ།

ཕུགས་བསམ་དང་རེ་བས་ཁེངས་པའི་སློབ་ཚུད་བརྡ་ཐོ་དེ་བཀྲ་ཤིས་ཚེ་རིང་གི་ལག་ཏུ་འབྱོར་སྐབས། སྒོ་ར་ཆུང་ཆུང་དེའི་ནང་རྦད་དེ་དགའ་སྤྲོའི་རྣམ་པས་ཁེངས། ཨ་མ་ལགས་ཀྱིས་ག་ལེར་མྱུར་སྐྱེལ་ཁུག་མའི་ཁ་འབྱེད་ཞོར་སེམས་ནང་དགའ་སྤྲོས་རབ་ཏུ་བརྟས་ཤིང་། ཁོང་གིས“འདི་ནི་ཕྲུ་གུས་སློབ་སྦྱོང་ལ་འབད་བརྩོན་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་པ་ཞིག་རེད་ལ། གེགས་རྗེས་བསྐྱར་སྐྲུན་རིང་གི་རེ་བའི་འོད་སྣང་ཞིག་དེ་བས་ཀྱང་རེད”ཅེས་མགྲིན་པ་རྣོང་བཞིན་དུ་རྗོད་སྐབས། སེམས་འགུལ་ཐེབས་པ་དང་དྲིན་གཟོའི་བསམ་པས་ཁེངས་པ་ངམ་ངམ་ཤུགས་ཀྱིས་ཚོར་ཐུབ། ནང་མི་རྣམས་རུབ་ནས་བསྡད་ཅིང་བདེ་སྐྱིད་ཀྱི་འཛུམ་མདངས་ཚང་མའི་ངོ་གདོང་ལས་གསལ་ལེར་མངོན་འོང་། “ངའི་གཅུང་པོ་ནམ་རྒྱུན་ནས་སློབ་སྦྱོང་ལ་བརྩོན་པོ་ཡོད། ད་རེས་རང་ཉིད་འགྲོ་འདོད་ཆེ་བའི་སློབ་ཆེན་དུ་ཚུད་པར་ང་རང་དངོས་གནས་ཧ་ཅང་དགའ་པོ་བྱུང”ཞེས་གཅེན་མོ་བསྟན་འཛིན་སྒྲོལ་མས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་དེ་ལྟར་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། བཀྲ་ཤིས་ཚེ་རིང་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་ནས་ཐོན་པ་དང་། ཁོང་གིས་ཉིན་མཚན་ཁོར་མོ་ཡུག་ཏུ་སེམས་ལ་བསམ་པའི་སློབ་ཚུད་བརྡ་ཐོར་ལྟ་བཞིན“ནང་མི་ཚོའི་འཛུམ་མདངས་མཐོང་སྐབས་ལོ་གསུམ་རིང་དཀའ་ལས་བརྒྱབ་པ་དོན་གོ་ཆོད་སོང་སྙམ་བྱུང་། འདི་ནི་འགོ་འཛུགས་ས་གསར་པ་ཞིག་ཡིན་པས། ངས་ཕ་ཡུལ་གྱི་རེ་བ་སེམས་སུ་བཅངས་ཏེ་མུ་མཐུད་ནས་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡིན”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བརྗོད།