རྒྱལ་སྤྱིའི་འགྲན་བསྡུར་འདི་ཚེས6ཉིན་ལྷ་སར་འགོ་འཛུགས་རྒྱུ་རེད་འདུག
སྤེལ་དུས 2025-08-05
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
ཚེས3ཉིན། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཟླ8པའི་ཚེས6ཉིན། 2025ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པ་ལྷ་སར་གཟབ་རྒྱས་ངང་འགོ་འཛུགས་རྒྱུ་ཡིན།
སྐབས་འདིའི་འགྲན་བསྡུར་དེ་རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་གྱི་སྐྱེས་པའི་རྩེ་ཕུད2.1རིམ་པའི་ལས་རིགས་ཀྱི་མུ་འབྲེལ་འགྲན་བསྡུར་ལ་སྤར་བ་དང“གཞུང་ལམ་མཛེས་ཤོས་སུ་རྐང་འཁོར་བཞོན། ཧི་མ་ལ་ཡར་སྐོར་བ་བརྒྱབ”ཅེས་པ་འབོད་ཚིག་ཏུ་བྱས་ཏེ། གོ་ལ་ཧྲིལ་པོའི་རྐང་འཁོར་ལ་དགའ་ཞེན་བྱེད་མཁན་ཚོར་རྩེར་སོན་གྱི་འགྲན་བསྡུར་དང་མིག་གི་སྟོན་མོ་གཟབ་རྒྱས་ཤིག་གཤོམ་རྒྱུར་འབད་བཞིན་ཡོད། འགྲན་བསྡུར་དུས་ཡུན་ཉིན5ཡིན་པ་དང་འགྲན་བསྡུར་ལ་ལམ་དུམ4བཀོད་སྒྲིག་བྱས་པར་ཁྱོན་ལམ་ཐག་སྤྱི་ལེ420.58ཡོད། ཟླ8པའི་ཚེས6ཉིན་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འགོ་ཚུགས་མཛད་སྒོ་གཉེར་རྒྱུ་དང་ས་ཚིགས་དང་པོ་ཟླ8པའི་ཚེས7ཉིན་ཉིང་ཁྲིར་འགོ་འཛུགས་རྒྱུ་ཡིན་པ་དང་། དེ་རྗེས་ལྷོ་ཁ་དང་། ལྷ་ས། གཞིས་རྩེ་བཅས་སུ་རིམ་པ་བཞིན་སྤེལ་རྒྱུ་ཡིན་པས། འགྲན་བསྡུར་གྱི་རིང་བོད་ལྗོངས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་མྱོང་རོལ་བྱེད་ཐུབ་ཀྱི་ཡོད།

ད་རེས་ཀྱི་འགྲན་བསྡུར་ནང་ཆུ་ཚད་མཐོ་བའི་རྐང་འཁོར་རུ་ཁག17ཞུགས་རྒྱུ་ཡིན་ཞིང་། དེའི་ནངUCIགླིང་འབྲེལ་ལས་རིགས་རུ་ཁག3དང་། UCIརྒྱལ་ཕྱིའི་གླིང་འབྲེལ་རུ་ཁག4UCIརྒྱལ་ནང་གི་གླིང་འབྲེལ་རུ་ཁག9བཅས་དང་། དེ་བཞིན་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་རུ་ཁག་བཅས་ཚུད་ཡོད་པ་དང་། རུ་ཁག་རྩེ་གྲ་དེ་དག་ཞུགས་པ་ལས་འགྲན་བསྡུར་གྱི་ཆུ་ཚད་མཐོ་རུ་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་འགྲོ་རྒྱུ་རེད།